R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༧༠
[A:༦༧༠]བསྙེན་བཀུར་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས་པས་ཐུགས་ཡོངས་སུ་མཉེས་པར་མཛད་པ་དང་བཅས་བཀྲ་ཤིས་ཀྱི་ཆར་ཆེན་པོ་ཕྱོགས་ཐམས་ཅད་དུ་ཕབ་བོ། །གཞན་ཡང་གཙང་དབུས་ཁམས་གསུམ་ན་བཞུགས་པའི་ཞལ་སློབ་ཀྱི་ཚོགས་བགྲང་དུ་མེད་པ་དག་གིས་རྗེ་རིན་པོ་ཆེ་དེ་ཉིད་ཀྱི་ཟབ་དགོངས་ཆོས་ཀྱི་དབྱིངས་སུ་རྫོགས་པའི་ཕྱིར་དགོངས་རྫོགས་ཀྱི་རིམ་པ་ཇི་སྙེད་བསྒྲུབས་པ་རྣམས་ནི་མཐའ་ཡས་པའི་ཕྱིར་འདིར་སྨོས་ཀྱིས་ག་ལ་ལངས། དེར་མ་ཟད་རྗེ་བཙུན་དམ་པ་འདི་ནི་ཨེ་ཝྃ་པའི་བླ་གྲྭ་རྣམས་དང༌། ཐར་རྩེ་རང་གི་གྲྭ་རིགས་རྣམས་ཀྱིས་གཙོས་ས་སྟེང་གི་སྐྱེ་འགྲོ་ཐམས་ཅད་ཀྱི་འདི་ཕྱིའི་རེ་ལྟོས་བཅའ་བའི་ཡུལ་གཅིག་པུར་གྱུར་པའི་དབང་གིས་མི་ཕྱེད་པའི་དད་པ་ཆེན་པོས་ཀུན་ནས་བསླངས་ཏེ་སྔ་ཕྱིར་དགོངས་རྫོགས་ཀྱི་རྟེན་དང་གདུང་འབུལ་གྱི་རིགས་ཕུལ་བ་དཔག་ཏུ་མེད་པ་ཞིག་བྱུང་སྟེ། དེ་རྣམས་ཀྱང་ཕྲ་མོ་ཙམ་ཡང་ཆུད་ཟོས་སུ་མ་སོང་བར་དགེ་ཚོགས་རྒྱ་མཚོ་ཆེན་པོ་འདི་ཉིད་ཀྱི་ཐེབས་སུ་སྨིན་པར་བགྱིས་ཏེ་སྙིང་པོ་བྱང་ཆུབ་ཀྱི་བར་དུ་འཛད་པ་མེད་པར་བསྒྲུབས་པར་མཛད་པ་སྟེ། མདོར་ན་དེ་ལྟ་བུའི་དགོངས་རྫོགས་རྣམས་ཀྱི་དབུ་དང་པོར་འཛུགས་པ་ནས་བཟུང་ཡོངས་སུ་རྫོགས་པ་མཐར་མ་ཕྱིན་གྱི་བར་དུ་བར་ཆད་ཀྱི་རྣམ་པ་ཅུང་ཟད་ཙམ་ཡང་མེད་ཅིང་མཐུན་རྐྱེན་ཐམས་ཅད་འབད་མེད་ལྷུན་གྱིས་གྲུབ་པར་གྱུར་པ་ནི་བདག་ཅག་གི་བླ་མ་ཡོན་ཏན་མ་ལུས་པའི་ཕུང་པོར་གྱུར་པ་འདི་ཉིད་ཀྱི་ཕྲིན་ལས་ཀྱི་རོལ་པ་ཁོ་ན་ལས་བྱུང་བར་ཤེས་པར་བྱའོ། །དེ་ལྟར་ན་ལས་ཉོན་གྱི་འཆིང་བ་ཀུན་ལྡན་བདག་ཅག་ལྟ་བུ་གདུལ་བྱ་དམན་པ་རྣམས་ཀྱི་སྣང་ངོར། མགོན་པོ་བྱམས་པས། ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེས་སོགས་རྣམ་པ་འདས་