R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༧༡
[A:༦༧༡]གྱུར་ཀྱང༌། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང༌། །འཆི་དང་རྒ་དང་ན་བར་སྟོན། །ཞེས་གསུངས་པ་ལྟར། མི་རྟག་པ་ལ་རྟག་པར་འཛིན་པའི་ལྟ་བ་ངན་པ་གཞོམ་པ་དང༌། ལེ་ལོའི་དབང་དུ་གྱུར་པའི་སེམས་ཅན་རྣམས་སྡུག་བསྔལ་གྱི་རང་བཞིན་ཅན་གྱི་འཁོར་བ་ལ་སྐྱོ་བ་བསྐྱེད་དེ་ཆོས་ལ་བསྐུལ་བ་དང༌། འཇིག་རྟེན་གྱི་མིག་ཏུ་གྱུར་པའི་ལམ་མཁན་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཨུ་དུམྦཱ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན་པར་བསྟན་པ་སོགས་དགོས་པ་རྒྱ་ཆེན་པོ་དང་ལྡན་པའི་ཕྱིར་སྐྱེ་འཆིའི་ཕྲེང་བ་ལས་གྲོལ་བའི་གོ་འཕང་དམ་པ་བརྙེས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མཛད་པ་དེ་ལྟ་བུ་སྟོན་པ་ནི་རྨད་དུ་བྱུང་བའི་ཐབས་མཁས་དང༌། ཐུགས་རྗེ་ཆེན་པོའི་རྣམ་རོལ་དུ་ཤེས་པར་བྱ་སྟེ། ཇི་སྐད་དུ། འཕགས་པའི་སྤྱོད་ཡུལ་ཐོབ་པ་གང༌། །བྱིས་པའི་སྤྱོད་ཡུལ་དུ་བསྟན་ཏེ། །དེ་ཉིད་ཕྱིར་ན་འགྲོ་བ་ཡི། །གཉེན་ནི་ཐབས་དང་སྙིང་རྗེ་མཆོག །ཅེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །དེ་ལྟ་མོད་ཀྱི་གདུལ་བྱའི་སེམས་ཅན་གྱི་རིགས་ནམ་མཁའ་ལྟར་ཟད་པ་མེད་ཅིང་རྒྱུན་མི་འཆད་པ་དང༌། བསྐལ་པ་བགྲང་དུ་མེད་པ་ནས་གོམས་པའི་ཐུགས་རྗེ་ལ་སྐྱོ་བ་དང་དུབ་པ་མེད་པའི་དབང་གིས་ནམ་མཁའ་ཇི་སྲིད་གནས་པ་དེ་སྲིད་ཀྱི་བར་དུ་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་ལྷུན་གྱིས་གྲུབ་པར་འཇུག་པ་ནི་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ཡིན་ཏེ། དབུ་མ་ལ་འཇུག་པ་ལས། ཇི་སྲིད་འཇིག་རྟེན་མ་ལུས་མཆོག་ཏུ་ཞི་བ་མ་ཐོབ་དང༌། །ཇི་སྲིད་ནམ་མཁའི་ཁམས་རྣམས་མེད་པར་མ་གྱུར་དེ་སྲིད་དུ། །ཤེས་རབ་ཡུམ་དང་སྙིང་རྗེའི་མ་མས་བསྐྱེད་ཅིང་འཛིན་བྱེད་པས། །རྒྱལ་བ་ཁྱོད་ལ་རབ་ཏུ་ཞི་བར་འགྱུར་