[A:༦༧༢]བ་ག་ལ་མངའ། །ཞེས་དང༌། མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་དང༌། རྒྱུད་བླ་མ་ལས། གང་ཞིག་གང་གིས་འདུལ་བ་ཡི། །བྱ་བ་གང་དུ་གང་གི་ཚེ། །དེ་ཡི་རྣམ་རྟོག་སྐྱེ་མེད་ཕྱིར། །ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ། །ཅེས་གསུངས་པ་ལྟར་རོ། །དེ་ཉིད་ཀྱི་ཕྱིར་རྗེ་རྡོ་རྗེ་འཆང་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ནས་ཟླ་བ་ལྔ་ཙམ་གྱི་སྐབས་ནུབ་གཅིག་མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་བློ་གྲོས་རྒྱལ་མཚན་གྱི་མནལ་ལམ་དུ་ཞྭ་ལུང་གྲོང་པའི་ནང་ཡིན་སྙམ་པའི་ཁང་པ་ཞིག་གི་ཐོག་ཁར། ཐམས་ཅད་ཀྱིས་མཁན་ཆེན་བདེ་བར་གཤེགས་པ་དེ་ཉིད་ཀྱི་སྤྲུལ་པའོ་ཞེས་གླེང་བར་རས་ཕྱར་ལྟ་བུ་ཞིག་གི་ནང་ཁྱེའུ་ཆུང་དཀར་པོ། དམར་པོ། སྔོན་པོ་གསུམ་ངེས་པར་གཟིགས་ལ། གཞན་གྱི་ཁ་དོག་སོགས་ཞིབ་པར་མ་ངེས་ཀྱང་ལྔ་ཙམ་ཞིག་འདུག་སྙམ་པའི་ངང་ནས། དམར་པོ་དེ་མཁན་ཆེན་ཉིད་ཀྱི་མདུན་དུ་ཚུར་བྱོན་པའི་སྣང་བ་བྱུང་ཞེས་བཀའ་སྩལ་པ། དེའི་དོན་བདག་ནི་རྨོངས་པ་ཆེན་པོའི་དབང་དུ་སོང་བས་ཇི་བཞིན་ཤེས་པ་ག་ལ་སྲིད། འོན་ཀྱང་རང་གི་བསམ་ཚོད་ལ། ཇི་སྐད་དུ། དཔལ་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་ཀྱི་བརྟག་པ་གཉིས་པ་ལས། རིགས་ནི་རྣམ་པ་དྲུག་བརྗོད་ཅིང༌། །མདོར་བསྡུས་པས་ནི་རྣམ་པ་ལྔ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པ་དང༌། བརྟག་པ་ཕྱི་མའི་བཞི་པར་ཡང༌། མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང༌། །དཔག་མེད་ཕྲག་དོག་རྡོ་རྗེ་སེམས། །ཞེ་སྡང་གཏི་མུག་སེར་སྣ་དང༌། །འདོད་ཆགས་ཕྲག་དོག་བདེ་བ་དག །འདིས་ནི་རིམ་པས་བསྒོམ་པ་ཉིད། །རྡོ་རྗེ་སེམས་