[A:༦༧༤]པས་ཆོས་ཀྱི་འཁོར་ལོ་གྲངས་མེད་པར་བསྐོར་ཏེ་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཁྲིད་པར་མཛད་པའི་རྟགས་སུ་མངོན་ནོ་སྙམ་མོད། བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཚུལ་བཞིན་དུ་དཔྱད་དེ་ཟབ་མོའི་བརྡ་དོན་འདི་དག་ལེགས་པར་གསལ་བར་མཛད་པར་གསོལ་བ་འདེབས་སོ། །གང་ལྟར་ཡང་སྦྱང་གཞི་འབྱུང་བ་ལྔ་དང་ཉོན་མོངས་པ་ལྔ་ལ་ཡན་ལག་དང་ཉིང་ལག་གི་དབྱེ་བས་གྲངས་མེད་པར་འགྱུར་བ་བཞིན་དུ། སྦྱོང་བྱེད་རིགས་རྣམ་པ་ལྔའམ་གསུམ་ལ་རིགས་ཀྱི་ཚོགས་གྲངས་མེད་པ་ཞིག་སྤྲུལ་ཏེ་ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ་སེམས་ཅན་གྱི་དོན་རྒྱུན་མི་འཆད་ཅིང་ལྷུན་གྱིས་གྲུབ་པར་ཤེས་པར་བྱ་སྟེ། རྒྱུད་དེའི་བརྟག་པ་ཕྱི་མ་ལས། རིགས་ནི་ལྔ་པོ་དེ་ཉིད་ལས། །བརྒྱ་ཕྲག་དུ་མ་སྐྱེས་པ་ཉིད། །ཅེས་དང༌། །འདོད་ཆགས་ལ་སོགས་སེམས་ལྔ་ཡི། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །གངྒཱའི་ཀླུང་ནི་བཅུ་ཡི་བྱེ་སྙེད་ཉིད། །རིགས་གཅིག་ལ་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ཚོགས་ལ་རིགས་ནི་དུ་མ་རྣམས། །དེ་རྣམས་རིགས་ལ་རིགས་ནི་རྣམ་པ་བརྒྱད། །དེ་རྣམས་ལ་ཡང་འབུམ་ཕྲག་རིགས་ཅན་རྣམས། །བྱེ་བའི་ཆ་ལ་གྲངས་ནི་མེད་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དོན་དམ་འཆི་མེད་རྟག་པའི་ཕ་རོལ་དུ། །མངོན་པར་བཞུགས་ཀྱང་ཞི་བ་ཆེན་པོ་ལ། །སླར་ཡང་སྙོམས་པར་འཇུག་པའི་རྣམ་འཕྲུལ་ཅན། །ཡེ་ཤེས་སྒྱུ་མའི་གཏིང་མཐའ་སུ་ཡིས་རྟོགས། །རང་སེམས་དག་པའི་མེ་ལོང་ལ་ཤར་བའི། །རྫོགས་སངས་རྒྱས་ལ་འདུ་འབྲལ་མེད་མོད་ཀྱི། །མགོན་དང་བྲལ་སྙམ་འཁྲུལ་པའི་འདུ་ཤེས་ཀྱིས། །བྱིས་པའི་བློ་ཅན་དོན་མེད་གདུང་བར་ཟད། །རྨི་ལམ་ཉིད་འཁྲུལ་བདེན་པར་བཟུང་བ་བཞིན། །གནས་ལུགས་