R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༧༥
[A:༦༧༥]དོན་ལ་དེ་ལྟར་རྨོངས་གྱུར་པའི། །བདག་ཅག་དམན་པའི་འགྲོ་འདི་ཉེར་གཟིགས་ནས། །སྤྲུལ་པའི་ཟླ་སྣང་གསལ་བར་བསྟན་དུ་གསོལ། །རྫུ་འཕྲུལ་གང་གིས་བ་སྤུའི་ཁུང་བུ་རེར། །མཐའ་ཀླས་ཞིང་ཡང་དུས་གཅིག་སྟོན་མཛད་ན། །ཉོན་མོངས་རྡུལ་གྱིས་བཀབ་པའི་མྀག་ལམ་དུ། །ཡེ་ཤེས་རོལ་པ་མངོན་སུམ་འཆར་བར་མཛོད། །རྣམ་པར་རྟོག་པའི་འབད་རྩོལ་མེད་བཞིན་དུ། །ལྷུན་གྲུབ་ཕྲིན་ལས་རྒྱུན་མི་འཆད་པ་ཡི། །རྒྱལ་བ་རྣམས་ཀྱི་རང་བཞིན་གང་ལགས་པས། །བདག་སོགས་འགྲོ་ཀུན་རྗེས་སུ་གཟུང་དུ་གསོལ། །ཞེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམས་པར་གཡོ་བ་ལས། ཐ་མའི་གཟིམས་མལ་དུ་བཞུགས་ཏེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཚུལ་བསྟན་ཀྱང་ཕྲིན་ལས་ཀྱི་འཁོརལོ་རྒྱུན་མ་ཆད་པར་བསྟན་པའི་སྐབས་ཏེ་བརྒྱད་པའོ། །འདིར་སྨྲས་པ། སྲས་བཅས་རྒྱལ་བའི་ཐོར་ཚུགས་ཨུཏྤ་ལས། །ཞབས་སེན་བདུད་རྩིའི་དོག་པ་ཉེར་བསྟེན་པའི། །ངོ་མཚར་ནོར་བུའི་རྫིང་ཆེན་མགོན་དེ་ཡི། །ཡོན་ཏན་དྲན་པས་སླར་ཡང་ཕྱག་བགྱིའོ། །རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་དང༌། ཡོན་ཏན་མ་ལུས་གཅིག་ཏུ་འཁྱིལ་བའི་གཏམ། །གང་འདི་སྲས་བཅས་རྒྱལ་བས་མགྲིན་གཅིག་ཏུ། །བསྐལ་པ་བྱེ་བར་བསྟན་ཀྱང་འཛད་པ་མེད། །དེ་ཕྱིར་རྒྱལ་བའི་མཛད་པ་ལྟ་ཅི་སྨོས། །གདུལ་བྱའི་སྣང་ངོ་ཙམ་ཡང་ཇི་བཞིན་དུ། །མཐོང་བའི་མིག་རབ་ཉམས་གྱུར་བདག་ལྟ་བུས། །ཚུལ་འདི་རྨི་ལམ་དུ་ཡང་