R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༣༨
[A:༥༣༨]བྱེད་པ། སྨན་གྱི་དྲི་ཞིམ་པོས་བསྒོས་པའི་སེར་བུ་བསིལ་བ་ཡིད་དུ་འོང་བ་ལ་སོགས་པས་ནི་བསིལ་ཡབ་བྱེད་པ་ལྟ་བུ། ནམ་མཁའི་དུམ་བུ་ལྷུང་བ་ལྟ་བུའི་ཞིང་ས་ཆེན་པོ་དག་ན་འབྲུའི་རིགས་རྣམ་པ་མང་པོ་སྨིན་པ། གྲོང་ལས་མངོན་པར་འཕགས་པའི་ས་ན་དགེ་འདུན་གྱི་སྡེ་ཆེན་པོ་ལི་ཁྲིའི་རྒྱ་མཚོ་འཕྱུར་བ་ལྟ་བུར་ཡོད་པ། གྲོང་དང༌། གྲོང་ཁྱེར་དང༌། རྒྱལ་པོའི་ཕོ་བྲང་ལ་སོགས་པ་ནི་ལྷའི་གྲོང་ཁྱེར་ཆེན་པོ་དག་ལ་ཅོ་འདྲི་བ། རིན་པོ་ཆེ་དང་དར་ཟབ་ལ་སོགས་པ་བལྟ་བར་མི་བཟོད་པའི་ཚོང་ཟོང་རྣམ་པ་མང་པོ་བཀྲམ་པ། འབྱོར་བའི་ཁྱད་པར་སྣ་ཚོགས་པ་དང་ལྡན་པའི་སྐྱེ་བོའི་ཚོགས་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟ་བུས་ཡོངས་སུ་གང་བའི་སའི་ཐིག་ལེ་གཞིས་ཀ་ཆེན་པོ་བསམ་འགྲུབ་རྩེ་ཞེས་བྱ་བར། གནའ་བོའི་དུས་ཀྱི་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ཁྲོམ་གྱི་ཡུལ་ནས་སྤྱན་དྲངས་པའི་སྨན་པ་མཁས་པའི་རིགས་བརྒྱུད་ལས་བྱོན་པ་བྲང་ཏི་རྒྱལ་བསྙེན་མཁར་ཕུག་དང༌། ཛ་ཡ་རཀྵི་ཏ་དང༌། དར་མ་སྙིང་པོ་དང༌། པཎ་ཆེན་ནམ་མཁའ་དཔལ་བཟང་སོགས་མཁས་པ་དང་གྲུབ་པའི་སྐྱེས་བུ་བར་མ་ཆད་པ་བྱུང་བའི་གདུང་བརྒྱུད་ཕུན་སུམ་ཚོགས་པར། ཡབ་མཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་དང༌། རྣལ་འབྱོར་འཇམ་དཔལ་བཟང་པོ་སོགས་སྐུ་མཆེད་དྲུག་ཙམ་ཡོད་པའི་ནང་ནས་སྡེ་བ་རྒྱལ་པོ་ཚེ་རིང་ཞེས་བྱ་བ་ལུགས་གཉིས་ཀྱི་ཤེས་བྱ་ལ་མཁྱེན་རབ་ཀྱི་འཇུག་པ་ཕུལ་དུ་བྱུང་ཞིང༌། ལུས་ངག་ཡིད་རྩལ་ཆེན་སྣ་དགུ་ཡོངས་སུ་རྫོགས་ལ། དད་པ་དང༌། སྙིང་རྗེ་དང༌། གཏོང་བ་ལ་སོགས་པ་ཡོན་ཏན་མང་པོའི་བང་མཛོད་འཛིན་པ་དེ་དང༌། ཡུམ་ནི་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་ཤིང༌། ངོ་ཚ་ཁྲེལ་ཡོད་ཀྱི་གོས་ཀྱིས་