R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༣༩
[A:༥༣༩]བརྒྱན་པ། དཀོན་མཆོག་ལ་དད་པ་དང༌། སེམས་ཅན་ལ་སྙིང་རྗེ་ཆེ་བ་སྒྲོལ་མ་ཚེ་རིང་ཞེས་བྱ་བ་སྟེ། དེ་ལྟར་ན་ཡུལ་དང་རིགས་རུས་ལ་སོགས་པ་ཕུན་སུམ་ཚོགས་པ་འཛོམས་པས་མཚོན་དགེ་མཚན་དང་ལྡན་པའི་གནས་སྐབས་གང་ཡིན་པ་དེ་ཉིད་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་རས་རྣམ་པར་གསལ་བས་ཉེ་བར་གཟིགས་ཏེ་བར་སྣང་ལས་གློག་དམར་གཡོ་བ་ལྟ་བུའི་ཆོ་འཕྲུལ་ཆེན་པོས་ཡུམ་གྱི་ལྷུམས་སུ་ཞུགས་སོ། །དེའི་ཚེའང་ཡུམ་གྱི་སྐུ་ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་ཞིང་སྔ་ན་མེད་པའི་དགའ་བདེ་དང༌། ཆོས་མཐུན་གྱི་སྤྱོད་པ་ལ་ལུས་སེམས་ལས་སུ་རུང་བ་དང༌། རྨི་ལམ་གྱི་ལྟས་བཟང་པོ་རྒྱུན་མི་འཆད་པ་ལ་སོགས་པ་བཀྲ་ཤིས་པའི་དགེ་མཚན་ཕུན་སུམ་ཚོགས་པ་མང་པོ་ཆེད་དུ་བོས་པ་བཞིན་མངོན་སུམ་དུ་ལྷགས་པར་གྱུར་ལ། དེ་ནས་རབ་བྱུང་བཅུ་བཞི་པའི་ནང་གསེས་ས་མོ་གླང་གི་ལོའི་ཧོར་ཟླ་གསུམ་པའི་ཚེས་བཅུ་དྲུག་རེས་གཟའ་ཟླ་བ་དང༌། སྐར་མ་ས་རི་འཛོམས་པའི་ཉི་དྲོས་ཙམ་གྱི་དུས་སུ་སྤྲིན་དང་བྲལ་བའི་ཉི་མ་གཞོན་ནུ་ཤར་གྱི་རི་བོའི་རྩེ་མོ་ནས་མངོན་པར་འཆར་བ་བཞིན་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་བལྟམས་སོ། །དེ་ལྟར་བལྟམས་པ་ནས་བརྩམས་ཏེ་རྒྱལ་ཁམས་ཀུན་ཏུ་ཕྱི་དགྲ་དང་ནང་འཁྲུགས་ཀྱི་འཚེ་བ་མེད་ཅིང༌། འབྱོར་པ་དང༌། རྒྱས་པ་དང༌། བདེ་བ་དང༌། ལོ་ལེགས་པ་དང༌། ཁྱད་པར་དུ་ཡབ་ཡུམ་གྱི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་ཡར་གྱི་ངོའི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་བ་སོགས་ངོ་མཚར་ཕུན་སུམ་ཚོགས་པ་བྱུང་ལ། ཁྱེའུ་དེའང་བསྐལ་པ་དུ་མར་བསོད་ནམས་ཀྱི་ཚོགས་ལ་གོམས་པ་བརྟས་པའི་རང་འབྲས་ཟླ་བའི་འོད་ཟེར་སྤུངས་པ་ལྟ་བུའི་སྐུ་ལུས་དཀར་ཞིང་སྣུམ་པ། ཞལ་གྱི་དཀྱིལ་འཁོར་པདྨ་གཞོན་