R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༣༧
[A:༥༣༧]སུ་བབ་པའི་གཏམ་གླེང་བ་དངོས་ནི། དེའང་བསྐལ་བཟང་གི་སྒྲོན་མེ་བཞི་པ་བཅོམ་ལྡན་འདས་ཤཱཀྱ་སེང་གེའི་བསྟན་པའི་མཇུག་འདི་བདག་ཉིད་ཆེན་པོ་འདི་ཉིད་ཀྱིས་ཐུབ་པའི་དབང་པོའི་བསྟན་པ་རིན་པོ་ཆེ་སླད་ཀྱིས་ཉམས་དམའ་བ་དག་གསོ་བ་དང༌། བདག་ཅག་ལ་སོགས་པའི་གདུལ་བྱར་གྱུར་པའི་འགྲོ་བ་མགོན་མེད་པ་དག་ཀྱང་ཡོངས་སུ་བསྐྱབ་པའི་ཕྱིར་འཇིག་རྟེན་གྱི་ཁམས་འདིར་སྐྱེ་བ་ཡོངས་སུ་གཟུང་བར་བཞེད་དེ། མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་དབུས་ཀྱི་གླིང་ཆེན་པོ་བཞི་པའི་ལྷོའི་འཛམ་བུའི་གླིང་གི་ལྟེ་བ་བྱང་ཆུབ་སྙིང་པོ་རྡོ་རྗེའི་གདན་ལས་བྱང་ཕྱོགས་སུ་དཔག་ཚད་བརྒྱ་ཕྲག་ལྷག་ཙམ་བགྲོད་པའི་གནས། གངས་རི་དཔལ་དང་ལྡན་པའི་ཕྲེང་བས་བསྐོར་བའི་ལྗོངས། ནམ་མཁའ་རེག་པ་ལ་ཐུག་པའི་རི་བོ་ཆེན་པོ་རྣམས་ལ་རི་ཕྲན་རྣམ་བཀའ་ནོད་པ་བཞིན། མེ་ལོང་གི་ངོས་ལྟར་སྙོམས་པའི་ཐང་ཆེན་པོ་རྣམས་ནི་ནམ་མཁའི་མཐའ་འཚོལ་བ་འདྲ་བ། གྲིབ་བསིལ་འཁོར་ཡུག་ཏུ་ཡོད་པའི་ཤིང་ལྗོན་པ་རྣམས་ནི་ཆར་སྤྲིན་འཁྲིགས་པ་ལྟ་བུ། རྨ་བྱ་དང་ནེ་ཙོ་ལ་སོགས་པའི་འདབ་ཆགས་མང་པོ་གཤོག་སྒྲོ་སྒྱུར་ཞིང་སྐད་སྙན་པ་འབྱིན་པ། བྱང་ཆུབ་སེམས་དཔའ་མྱུར་དུ་འཇིག་རྟེན་ན་གཤེགས་པའི་གཏམ་སྙན་པོ་དག་ཁྱེར་ཏེ་འོང་བ་ལྟ་བུའི་ཆུ་ཀླུང་མང་པོ་སྒྲ་སྒྲོག་ཅིང་འབབས་པ་དང༌། མཚོ་ཆེན་པོ་ཨུཏྤལའི་འདབ་མ་ལྟར་སྔོ་བ་རྣམས་ནི་ཆེད་དུ་བཤམས་པ་བཞིན། ནེའུ་གསེང་སྔོན་པོས་ཁྱབ་པའི་ས་ཕྱོགས་མཛེས་ཤིང་ཡིད་དུ་འོང་བ་དུ་མས་བརྒྱན་པ། པདྨ་དཀར་པོ་ལ་སོགས་པ་མེ་ཏོག་མང་པོས་མཛེས་པར་ཁེབས་པས་ས་ཕྱོགས་རྣམས་ཉམས་དགའ་དགའ་ལྟར་འདུག་པ། བུང་བ་མང་པོ་ལྡིང་ཞིང་འཁོར་བས་ཤེས་པ་བརྗོད་པ་ལྟ་བུའི་སྒྲ་སྙན་པོ་ཁ་ཏོན་དུ་