R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༥༣
[A:༥༥༣]ལགས། །དགོངས་པ་དག་པ་འབའ་ཞིག་གིས། །ཁྱོད་ཀྱི་ཚུལ་ཁྲིམས་གོམས་པར་མཛད། །ཅེས་གསུངས་པ་ལྟར་བློ་དང་ལྡན་པ་གང་ཞིག་རྣམ་པར་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འཇུག་པར་འདོད་པ་དག་ལ་ཐོག་མ་ཉིད་དུ་མེད་དུ་མི་རུང་བའི་གཞི་ཆེན་པོ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ཉིད་ཡིན་ནོ་ཞེས་བསྟན་པའི་སྒོ་ནས་རྣམ་པར་དག་པའི་ལམ་གྱི་རིམ་པ་འདི་ཉིད་ཁོ་ན་ལ་དགོད་པར་བཞེད་དེ། རྨད་དུ་བྱུང་བའི་ཐབས་མཁས་དང་ཐུགས་རྗེ་ཆེན་པོའི་མཛད་པ་བླ་ན་མེད་པས་རྣམ་པར་འཕྲུལ་པའི་ཚུལ་འདི་ལྟ་བུ་བསྟན་པར་མཛད་པ་ཡིན་ནོ། །ཞེས་ཤེས་པར་བྱའོ། །འདོད་པའི་ཡོན་ཏན་མི་ཟད་དུག་གིས་ནི། །སྐྱེ་རྒུ་འདི་དག་ཇི་ལྟར་བརླགས་གཟིགས་ནས། །ཁྱེད་ཀྱི་ཁྱིམ་ནས་བྱུང་བའི་ཐབས་མཁས་འདིས། །འགྲོ་ལ་ཐར་པའི་སྒོ་གླེགས་དང་པོ་ཕྱེས། །ཐུགས་ལ་སྙིང་རྗེའི་རྒྱན་ལྡན་གཞོན་ནུ་དེས། །རྣམ་གསུམ་ངུར་སྨྲིག་གོས་བཟང་འཛིན་ཙམ་ནས། །གྲགས་པའི་རྒྱལ་མཚན་སྟོང་གིས་འཇིག་རྟེན་འདིར། །མཛེས་པ་ཐོབ་པའི་རྣམ་འཕྲུལ་ཅི་ཡང་བྱུང༌། །ཡོན་ཏན་དཀྱིལ་འཁོར་རྫོགས་པའི་ཟླ་བ་དེས། །བྱངཆུབ་ཐུགས་བསྐྱེད་བཞེས་ཚེ་རྒྱལ་བ་རྣམས། །དགྱེས་ལྡན་བདུད་རྩིས་བྲན་པའི་ཐུགས་ཀྱིས་ནི། །ས་གསུམ་འགྲོ་འདི་མགོན་དང་བཅས་པར་དགོངས། །རིགས་ཅན་གསུམ་གྱི་ཇི་སྙེད་བསླབ་པ་ཀུན། །གསང་ཆེན་སྡོམ་པའི་གསེར་དུ་བསྒྱུར་བ་ཡི། །རྣམ་འཕྲུལ་ཟབ་མོ་གང་གིས་ས་སྟེང་འདི། །རིག་པ་འཛིན་པའི་གྲོང་ཁྱེར་མཆོག་ཏུ་བསྒྱུར། །སྙིང་སྟོབས་བདུད་རྩིའི་རྒྱ་མཚོ་དེ་ཡི་བཞིན། །བལྟ་བར་མ་བཟོད་སྡོམ་པའི་མི་མཐུན་ཕྱོགས། །ཕྲག་དོག་རླུང་གིས་སྲིད་པའི་མཐའ་ལས་ཀྱང༌། །རིང་པོའི་ལམ་དུ་ཡུད་ཀྱིས་སོང་བ་བཞིན། །ཞེས་ཁམས་