R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༥༢
[A:༥༥༢]བརྩམས་ཏེ་བསྲུང་བྱ་རྩ་བ་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་གཉིས་གཙོ་བོར་གྱུར་པའི་དབང་བཞི་པོ་རེ་རེ་ལའང་མཉམ་གཞག །རྗེས་ཐོབ། བཟའ་བ། བསྲུང་བ། མི་འབྲལ་བའི་དམ་ཚིག་སྟེ་ལྔ་ལྔ་ཡོད་པ་རྣམས་ཕྲ་མོ་ཙམ་ཡང་ཉམས་པའི་གོ་སྐབས་མེད་པར་ཚུལ་བཞིན་དུ་སྲུང་བ་དང༌། དེར་མ་ཟད་གསང་བ་འདུས་པ་དང༌། འཁོར་ལོ་བདེ་མཆོག་དང༌། དུས་ཀྱི་འཁོར་ལོ་ལ་སོགས་པ་རྒྱུད་སྡེ་གོང་འོག་གི་དབང་བསྐུར་མི་འདྲ་བ་མཐའ་ཡས་པ་ཞིག་གསན་ཏེ། རྒྱུད་སྡེ་དེ་རྣམས་ལས་གསུངས་པའི་དམ་ཚིག་དང་སྡོམ་པ་རྣམས་ཀྱང་སྲུང་སྡོམ་གྱི་རྭ་བ་ལས་ནམ་ཡང་མི་འདའ་བར་མཛད་པ་ཡིན་ལ། ཁྱད་པར་དུའང་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་དྲུང་ནས་བླ་མ་རིན་འབྱུང་གི་བྱིན་རླབས་གསན་སྐབས་རྗེ་དེ་ཉིད་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དངོས་སུ་གཟིགས་པས་མཚོན་བཀའ་ཆོས་གསན་པའི་བླ་མ་རྣམས་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་དུས་ཐམས་ཅད་དུ་མི་འབྲལ་བའི་སྒོ་ནས་ཕྱག་འཚལ་བ་དང༌། མཆོད་ཅིང་བསྙེན་བཀུར་བ་སོགས་རྡོ་རྗེ་ཐེག་པའི་དམ་ཚིག་གི་གཙོ་བོ་དངོས་པོ་ཐམས་ཅད་ཀྱིས་བླ་མ་རྡོ་རྗེ་སློབ་དཔོན་ཡོངས་སུ་མཉེས་པར་མཛད་པ་ཁོ་ན་ལས་མི་མཉེས་པ་སྐད་ཅིག་ཀྱང་མི་མཛད་པ་དང༌། ཇི་ལྟར་སྩལ་བའི་བཀའ་ལས་ཅུང་ཟད་ཀྱང་མི་འདའ་བར་བཞེད་དོན་མཐའ་དག་ཚུལ་བཞིན་དུ་སྒྲུབ་པ་དང༌། ཐུགས་དད་པ་དང་གུས་པ་དྲག་པོའི་ཉིན་མཚན་དུས་དྲུག་ཏུ་གསོལ་བ་འདེབས་པ་ལ་རྩེ་གཅིག་ཏུ་བརྩོན་པར་མཛད་པ་ཡིན་ནོ། །དེ་ལྟར་སྡོམ་པ་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་སྒོ་ནས་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། དམ་ཚིག་དང་སྡོམ་པའི་ཚོགས་ལ་སྲུང་སྡོམ་ཚུལ་བཞིན་དུ་མཛད་པའོ། །ངན་འགྲོས་བསྙེངས་སླད་མ་ལགས་ལ། །བཞེད་པའི་འགྲོ་བའང་སྒྲུབ་མ་