R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༥༤
[A:༥༥༤]གསུམ་ཆོས་ཀྱི་རྒྱལ་པོ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ་ལས། སྡོམ་པ་གསུམ་གྱི་བདུད་རྩི་གསོལ་བའི་སྐབས་ཏེ་གཉིས་པའོ།། །། ༈ དེ་ལྟར་སྡོམ་པ་གསུམ་གྱི་བདུད་རྩིས་ཐུགས་རྒྱུད་ཡོངས་སུ་གཏམས་ནས་འདི་སྙམ་དུ་དགོངས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ཡོངས་སུ་རྫོགས་པ་རྣམས་ཀྱི་ལས་སུ་བྱ་བ་ནི་ཀློག་པ་ཐོས་བསམ་དང༌། སྒྲུབ་པ་བསམ་གཏན་གྱི་རིམ་པ་ལ་རྩེ་གཅིག་ཏུ་བརྩོན་པའི་སྒོ་ནས་ལུང་སྡེ་སྣོད་གསུམ་དང༌། མངོན་རྟོགས་བསླབ་པ་གསུམ་གྱིས་རྒྱུད་ཕྱུག་པར་བྱེད་པ་ཉིད་ཡིན་ལ། དེའང་འཁོར་བའི་རྩ་བ་མ་རིག་པའི་མུན་པ་དྲུང་ནས་འབྱིན་པ་ལ་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་བསྐྱེད་དགོས་ཤིང༌། དེའི་རྒྱུའང་ཐོས་པ་ལས་འབད་པ་ཉིད་ཡིན་ཏེ། མགོན་པོ་བྱམས་པས། ཤེས་རབ་ལས་གཞན་དེ་དག་ནི། །སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་དང༌། སྐྱེས་རབས་ལས་ཀྱང༌། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པས་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོ་ཡི་ནི་དུག་འཇོམས་པ། །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཞེས་སོགས་བཀའ་དང་བསྟན་བཅོས་རྣམས་ནས་ལན་ཅིག་མ་ཡིན་པར་ཡང་ནས་ཡང་དུ་གསུངས་པ་ལྟར་རོ། །དེ་བས་ན་ཐོག་མ་ཉིད་དུ་འབད་པར་བྱ་བ་ནི་ཐོས་པ་ཁོ་ན་ཡིན་པས་བདག་གིས་ཀྱང་ཇེ་དང་པོར་རང་ཉིད་ཐོས་པ་ལ་འཇུག་