R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༥༥
[A:༥༥༥]པའི་ཐབས་ཀྱི་རིམ་པས་སྐྱེས་བུ་བློ་གྲོས་དང་ལྡན་པ་དག་ཐར་པའི་ཐེམ་སྐས་མཆོག་ལ་རིམ་གྱིས་འཛེགས་པའི་ཐབས་ཚུལ་ཟབ་མོ་འདི་ལྟ་བུ་ལ་དགོད་པར་བྱའོ་སྙམ་དུ་དགོངས་ཏེ། ཐོག་མར་གོང་དུ་བཤད་པ་ལྟར་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས་མ་ཐག་ཡི་གེའི་ཕྱི་མོ་ནས་བརྩམས་ཏེ་རྒྱུད་ཆུང་བཞི་ཡོངས་སུ་རྫོགས་པ་ཐུགས་ལ་བཟུང་བའི་བར་དང༌། དེ་ནས་དགུང་ལོ་བཅུ་གཉིས་པའི་སྐབས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་གསན་པའི་རྗེས་སུ་མཁན་ཆེན་རྡོ་རྗེ་འཆང་མཆེད་ཞལ་གྱི་དགོངས་པ་ལྟར་ཁྲ་ལེ་བ་ཆོས་རྗེ་དགེ་ལེགས་རྒྱ་མཚོ་སློབ་དཔོན་དུ་བཞེས་ཏེ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྣང་གསུམ་རྒྱུད་གསུམ་ཐུགས་ལ་བཟུང་ཞིང་བླ་བྲང་དུ་རྒྱུག་འབུལ་བར་མཛད། ལྷག་པར་དགུང་གྲངས་བཅུ་གཉིས་པ་དང་བཅོ་ལྔ་སོན་པའི་སྐབས་སོགས་སུ། ཁམས་གསུམ་འཁོར་བ་འདི་ནི་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པར་འདུག །ད་ལྟའི་གནས་ལུས་ལོངས་སྤྱོད་ཕུན་སུམ་ཚོགས་པ་འདི་རྣམས་ཀྱང་མི་རྟག་ཅིང་མི་བརྟན་ལ་སྒྱུ་མའམ་སྨིག་རྒྱུའི་ཚོགས་དང་མཚུངས་པར་བྱིས་པ་འབྲིད་པའི་ཆོས་ཉིད་ཅན་དུ་ཟད་ལ། སྙིགས་མའི་དུས་ཀྱི་སྐྱེ་བོ་ངན་པ་རྣམས་ཀྱི་ངོ་སྲུང་ཇི་ལྟར་བགྱིས་ཀྱང་མགུ་བའི་དུས་མེད་པར་སླར་ལོག་སྒྲུབ་འབའ་ཞིག་སྟེ། རྒྱལ་བའི་སྲས་པོ་ཞི་བ་ལྷས། སྐད་ཅིག་གཅིག་གིས་མཛའ་གྱུར་ལ། །ཡུད་ཙམ་གྱིས་ནི་དགྲར་ཡང་འགྱུར། །དགའ་བའི་གནས་ལ་ཁྲོ་བྱེད་པས། །སོ་སོའི་སྐྱེ་བོ་མགུ་བར་དཀའ། །ཞེས་དང༌། དེས་ཀྱང་བདག་དོན་མ་བྱས་ལ། །བདག་ཀྱང་དེ་དོན་མི་འགྱུར་བས། །བྱིས་ལས་ཐག་རིང་བྱོལ་བར་བྱ། །ཞེས་སོགས་མཐའ་ཡས་པ་གསུངས་སོ། །དེས་ན་འཇིག་རྟེན་འདིར་སྣང་གི་གཡེང་བ་ཐམས་ཅད་དུག་ཅན་གྱི་ཟས་ལྟར་རྒྱང་རིང་དུ་སྤངས་ཏེ།