R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༥༩
[A:༥༥༩]པའི་མཚན་དུ་འཇམ་དཔལ་དགྱེས་པའི་བཤེས་གཉེན་གཙུག་ལག་སྨྲ་བའི་ཉི་མ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ་བར་མཛད་དོ། །ཡང་ལོ་དེའི་མཇུག་ཏུ་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། གཙུག་ལག་སྨྲ་བའི་ཉི་མ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་ཡོངས་སུ་གྲགས་པའི་ཞལ་སྔ་ནས་སློབ་དཔོན་ཆེན་པོ་ངཎྜཱི་ཞབས་ཀྱིས་མཛད་པའི་སྙན་ངག་གི་བསྟན་བཅོས་མེ་ལོང་བོད་མཁས་པའི་འགྲེལ་པའི་སྟེང་ནས་བཤད་ཁྲིད་ཞིབ་པར་གསན་ཞིང༌། ལེའུ་གསུམ་གའི་དཔེར་བརྗོད་སྒྲ་དོན་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པ་མཁས་པ་རྣམས་ཡིད་འཕྲོག་པར་བྱེད་པ་དང་བཅས་ཞག་ཉེར་ལྔའི་ཁོངས་སུ་གྲུབ་པར་མཛད། དེར་མ་ཟད་སློབ་དཔོན་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་མཛད་པའི་སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་སོགས་ཕྱི་ནང་གི་རིག་པའི་གཞུང་མཐའ་ཡས་པ་རྣམས་ལ་གསན་སྦྱོང་ཚུལ་བཞིན་དུ་མཛད་དེ་བོད་དང་བོད་ཆེན་པོའི་ལྗོངས་ན་མཁས་དབང་སྨྲ་བའི་སེང་གེ་ཇི་སྙེད་བཞུགས་པ་དེ་ཐམས་ཅད་ཀྱི་གཙུག་ཏོར་གྱི་རྩེ་ན་ཞབས་སེན་པདྨ་དཀར་པོའི་ཕྲེང་བ་གསར་དུ་བཀོད་པའི་ཚུལ་བསྟན་པ་ན་རྗེ་བཙུན་འཇམ་པའི་དབྱངས་དེ་ཉིད་ཤིན་ཏུ་རྒྱས་པའི་ཞལ་གྱི་དཀྱིལ་འཁོར་ཟླ་བ་ཞུན་མའི་མདངས་ཀྱིས་བྱུགས་པ་ལྟ་བུས་མཛེས་པར་བཀླུབས་པ་དང་ཆབ་ཅིག་ལེགས་སོའི་མེ་ཏོག་ཆར་དུ་བསྙིལ་བའི་སྒོ་ནས་འཇམ་དཔལ་སྨྲ་བའི་སེང་གེ་མཚོ་བྱུང་དགའ་བའི་བཤེས་གཉེན་ཞེས་བྱ་བའི་མཚན་སྙན་གྱི་རོལ་མོ་ཕྱོགས་ཀྱི་ཁོར་ཡུག་ཀུན་ཏུ་བསྒྲགས་པར་མཛད་དོ། །དགུང་གྲངས་ཉེར་གཅིག་ཏུ་སོན་པ་ན་གོང་དུ་བཤད་པ་ལྟར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པའི་རྗེས་སུ་དཔལ་ཀྱེ་རྡོ་