R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༥༨
[A:༥༥༨]ཙམ་སྟོན་པར་མཛད་པ་ལའང་སྔ་དྲོ་རེར་ཤོག་ལྡེབ་མདའ་ཚད་མ་བཅུ་རེ་ཙམ་བསྟར་ཆགས་སུ་ཐུགས་ལ་ཆུད་པའི་ཚུལ་མཛད་པ་ནི་བདག་ཉིད་ཀྱིས་དངོས་སུ་མྱོང་བས་གྲུབ་པ་ཡིན་ནོ། །དེ་ལྟར་ཐུགས་འཛིན་མཛད་པའི་ཚེའང་སྐབས་སྐབས་སུ་དབང་ལུང་འདྲ་གསན་པ་དང༌། གསུང་རྩོམ་ཕྲན་བུ་འདྲའང་མཛད་པ་སོགས་དེ་ཁོ་ན་ལ་ཆིག་དྲིལ་དུ་མ་བྱུང་བ་བཅས་གང་ལྟར་ཡང་ཟླ་བ་བཅུའི་ཁོངས་སུ་ཡོངས་སུ་རྫོགས་པར་གྲུབ་སྟེ་བླ་བྲང་དུ་རྒྱུག་འབུལ་བར་མཛད། དེ་ཙམ་ན་སྔར་དང་མི་འདྲ་བའི་མཁྱེན་རབ་ཀྱི་ཀློང་ཆེན་པོ་བརྡོལ་བ་ལྟ་བུས་སྔོན་ཆད་རིགས་པའི་ལམ་དུ་ངལ་བ་བརྒྱ་ཕྲག་གི་ཁུར་ཁྱེར་བའི་རྟོག་གེ་བ་རྒན་པོ་མང་དུ་ཐོས་པར་རློམ་པ་རྣམས་ཀྱིས་ཀྱང་ཇི་ལྟ་བར་གཏིང་མཐའ་དཔོག་པར་མི་ནུས་པའི་གཞུང་ལུགས་ཆེན་པོ་དག་གི་དཀའ་བའི་གནས་ཕལ་ཆེར་འབད་མེད་དུ་མཁྱེན་པས་མཁས་ཤིང་མཁས་པར་གྲགས་པ་ཕལ་མོ་ཆེའི་ཡིད་ཡོངས་སུ་འཕྲོགས་པར་གྱུར་ཏེ། བཀའ་ལས་ཀྱང་དེང་སྐབས་སྔར་མ་གོ་བའི་གཞུང་ལུགས་རྒྱ་ཆེན་པོ་དག་གི་དཀའ་བའི་གནས་འགའ་ཞིག་འབད་མི་དགོས་པར་རང་བྱུང་དུ་རྟོགས་པ་ཞིག་བྱུང་སྟེ། གཞུང་བདུན་འདི་ཉིད་མཐར་ཕྱིན་པར་རྒྱུག་འབུལ་གྲུབ་པ་སོགས་རྩ་བའི་བླ་མ་མཁན་ཆེན་རྡོ་རྗེ་འཆང་དེ་ཉིད་ཀྱི་བཀའ་མ་བཅགས་པར་དགོངས་དོན་ཚུལ་བཞིན་དུ་བསྒྲུབ་པ་འདིས་རྒྱུད་ལ་བྱིན་རླབས་ཅུང་ཟད་འཇུག་པའི་རྟགས་ཡིན་པ་འདྲ་ཞེས་བཀའ་སྩལ་ཏོ། །དེ་ནས་དགུང་གྲངས་བཅུ་དགུ་པའི་མཇུག་ནས་བཟུང་ཉི་ཤུ་པའི་ནང་བར་གནས་ལྔ་རིགས་པའི་མཁས་པ་ཆེན་པོ་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་བམ། མཚན་གཞན་ངག་དབང་བློ་གྲོས་གཞན་ཕན་མཐའ་ཡས་པའི་འོད་ཟེར་དུ་གྲགས་པའི་ཞལ་སྔ་ནས་སྒྲའི་བསྟན་བཅོས་ཀ་ལཱ་པའི་རི་མོ་ཡོངས་སུ་རྫོགས་པའི་བཀའ་ཁྲིད་ཞུས་ཏེ་དཔྱིས་ཕྱིན་པ་མཁྱེན་པར་མཛད་