R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༦༠
[A:༥༦༠]རྗེའི་གཞིའི་བསྙེན་པ་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་མཐར་ཕྱིན་པར་མཛད་པ་ཡིན་ཞིང༌། ལོ་དེའི་མཇུག་ནས་བཟུང་དགུང་གྲངས་ཉེར་གཉིས་པ་དང་ཉེར་གསུམ་པའི་ནང་ཀླུ་དང་ས་བདག་གི་གནོད་པ་ལྟ་བུས་ཞབས་ལ་བསྙུང་གཞི་ཤིན་ཏུ་ཡུན་རིང་བ་ཞིག་གིས་ཐེབས་པའི་ཚུལ་བསྟན་མོད། བདག་ཅག་གི་འདྲེན་པ་དམ་པ་འདི་ནི་བསྐལ་པ་དཔག་ཏུ་མེད་པ་ནས་འཁོར་འདས་བདེ་སྡུག་བཟང་ངན་ལ་སོགས་པ་ཐམས་ཅད་ཆོས་དབྱིངས་མཉམ་པ་ཉིད་དུ་གཟིགས་པ་ཉིད་གོམས་པ་རབ་ཀྱི་མཐར་ཕྱིན་པའི་དབང་གིས་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་ཆེན་པོ་དང་འབྲེལ་པར་བརྩོན་འགྲུས་ཀྱི་སྟོབས་ལྷག་པར་འབར་བས་མཁན་ཆེན་རྡོ་རྗེ་འཆང་མཆེད་ཞལ་སོགས་ཆོས་གྲྭ་འདི་ཉིད་ན་བཞུགས་པའི་བླ་མ་རྣམས་ལས་བཀའ་ཆོས་གསན་པ་དང༌། དཔའ་ཞྭ་ལུ་རི་སྦུག་ཏུ་མཆོག་སྤྲུལ་རྡོ་རྗེ་འཆང་བློ་གསལ་བསྟན་སྐྱོང་གི་དྲུང་དུ་བསྙེན་ཏེ་དུས་ཀྱི་འཁོར་ལོའི་དབང་དང་སྦྱོར་དྲུག་གི་བཀའ་ཁྲིད་གསན་པ་དང༌། མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་དང་ལྷན་ཅིག་འཇད་ཆབ་ཚན་དུ་ཕེབ་སྟེ་གངས་ཅན་དང༌། ཁྲོ་ཕུ། བོ་དོང་ལ་སོགས་པའི་དགོན་ཁག་བཅུ་སྐོར་ཙམ་གྱི་རྟེན་གསུམ་རྣམས་ལ་མཆོད་འབུལ་དང༌། འདུས་པ་རྒྱ་མཚོར་མང་ཇ་འགྱེད་དང་བཅས་པ་ཟབ་རྒྱས་སུ་མཛད་པ་སོགས་དགེ་བའི་བྱ་བ་ལ་ལྷག་པར་བརྩོན་པར་མཛད་པས་རིམ་གྱིས་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པའི་གཟི་བྱིན་གྱིས་བསྐལ་པའི་མཐར་ཐུག་པར་བྱོན་པའི་སློབ་མ་ཉིང་སློབ་དང་བཅས་པ་རྣམས་ལའང་མི་མཐུན་པའི་ཉེར་འཚེ་ཕྲ་མོ་ཙམ་གྱིས་ཀྱང་རེག་པར་མི་ནུས་པར་བྱིན་གྱིས་བརླབས་སོ། །དེ་ལྟར་རྗེ་བཙུན་བླ་མ་རྣམས་ཀྱི་དྲུང་ནས་སྔ་ཕྱིར་ཆོས་གསན་པའི་