R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༦༧
[A:༥༦༧]པའི་དབང་བཞི་ཡོངས་རྫོགས་སྒྲུབ་དཀྱིལ་གྱི་ལུང་བཅས། གཞན་ཡང་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང༌། ཨིནྡྲ་མཁའ་སྤྱོད་དང་མཻ་ཏྲི་མཁའ་སྤྱོད་ཀྱི་བྱིན་རླབས། རྨོར་ཆེན་ཆོས་ཀྱི་རྒྱལ་པོས་བསྒྲིགས་པའི་ནཱ་རོ་མཁའ་སྤྱོད་ཀྱི་ཆོས་སྐོར་པོད་དང༌། དེའི་ཁ་སྐོང་ཀུན་བློས་བསྒྲིགས་པ། དེར་ཡང་མ་འདུས་པའི་ཡིག་ཆའི་སྐོར་འགའ་ཞིག་གི་ལུང་རྣམས་གསན་ཡིག་ཏུ་གསལ་བ་ལྟར་དང༌། ཨིནྡྲ་མཁའ་སྤྱོད་དང་མཻ་ཏྲི་མཁའ་སྤྱོད་ཀྱི་ཆོས་སྐོར་རྣམས་ཀྱང་དཀར་ཆག་ལྟར་ཚང་མའི་ལུང༌། གྲུབ་ཆེན་ཨོ་རྒྱན་པ་ནས་བརྒྱུད་པའི་རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་ཅེས་ཡོངས་སུ་གྲགས་པའི་སྨིན་གྲོལ་གཉིས་དང༌། དེ་དག་གི་རྒྱབ་རྟེན་དུ་རྩ་བ་གཞུང་བཤད་དང་ཁྲིད་ཀྱི་སྐོར། ཉམས་མྱོང་གེགས་སེལ་གྱི་སྐོར། རིགས་བཞི་མཁའ་འགྲོའི་གདམས་པ་སོགས་ཡན་ལག་བོགས་འདོན་གྱི་སྐོར། ཐུན་མོང་ལས་ཚོགས་ཀྱི་སྐོར་བཅས་ཀྱི་ལུང་རྣམས་དང༌། འཕགས་པ་ཐུགས་རྗེ་ཆེན་པོ་ཁ་སརྤཱ་ཎི་ཡི་གེ་བཞི་པའི་རྗེས་གནང་སྔོན་དུ་འགྲོ་བའི་གྲུབ་ཆེན་མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་བསོའི་ཉམས་ཁྲིད་ཟབ་མོ་རྒྱབ་རྟེན་ལུང་གི་སྐོར་དང་བཅས་པ། ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཤིན་ཏུ་ཟབ་པ་སྙིང་པོ་དོན་གསུམ་གྱི་ཉམས་ཁྲིད་ཟབ་མོ་རྒྱབ་རྟེན་ལུང་གི་རིམ་པ་དང༌། རོང་སྟོན་ཆེན་པོས་ཡུམ་ལ་གནང་པའི་འཕོ་བའི་དམིགས་ཁྲིད་ཟབ་མོ་རྒྱབ་རྟེན་ལུང་གི་སྐོར་བཅས། འཆི་མེད་བྷྲཱུ་རླུང་གི་ཉམས་ཁྲིད་ལུང་བཅས། གྲུབ་ཆེན་ཚེམས་བུ་པའི་ལུགས་ཀྱི་སྤྱན་རས་གཟིགས་ཀྱི་དམར་ཁྲིད་ཟབ་མོ་རྒྱབ་རྟེན་ལུང་གི་སྐོར་དང་བཅས་པ། འཇམ་པའི་དབྱངས་དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་