[A:༥༧༠] དུས་འཁོར་ནས་བསྟན་པའི་ཁྱུང་ཁྲ། ཇོ་ལུགས་ཁྱུང་ཁྲ། ཁྱུང་ནག །དཔལ་གཤིན་རྗེའི་གཤེད་དགྲ་ནག་པོའི་རྒྱུད་ནས་བསྟན་པའི་པཱ་ལའི་ཕོ་ཉ་དབྱངས་ཅན་མ་དམར་མོའི་རྗེས་གནང་བཅས་གསན་ནོ། །ལུང་གི་སྐོར་ལ། ཐོག་མར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལས་འདུལ་བ་པོད་བཅུ་གསུམ། ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་པོད་ཉི་ཤུ། ཤེས་རབ་སྣ་ཚོགས་དང་ཐར་ལོའི་མདོ་གསར་འགྱུར་སྐོར་པོད་གཅིག །ཕལ་ཆེན་པོད་བཞི། དཀོན་བརྩེགས་པོད་དྲུག །ཐེག་པ་ཆེ་ཆུང་གི་མདོ་སྣ་ཚོགས་པོད་སུམ་ཅུ་སོ་གཉིས། རྒྱུད་འབུམ་པོད་ཉི་ཤུ་བཅས་ཀྱི་ལུང་རྒྱུན་མི་བཞུགས་པ་ཅུང་ཟད་ཡོད་པ་རྣམས་མ་གཏོགས་ཡོངས་སུ་རྫོགས་པ་གསན་ནོ། །བསྟན་འགྱུར་སྐོར་ལས་ཁྱད་པར་འཕགས་བསྟོད་སོགས་བསྟོད་པའི་ཚོགས་དང༌། ཕྱི་མཚན་ཉིད་ཐེག་པའི་གཞུང་གྲགས་ཆེན་བཅོ་བརྒྱད་གཙོ་བོར་གྱུར་པའི་བསྟན་བཅོས་མང་པོ་དང༌། གསང་ཆེན་འབྲས་བུའི་ཐེག་པ་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་འགྲེལ་བཤད་སོགས་དཔག་ཏུ་མེད་པ་ཞིག་གསན་མོད། དེ་རྣམས་རེ་རེ་ནས་སྨོས་ཀྱིས་མ་ལངས་པས་ཤེས་པར་འདོད་ན་རྗེ་འདི་ཉིད་ཀྱི་གསན་ཡིག་རིན་པོ་ཆེ་ལས་རྟོགས་པར་བྱོས་ཤིག །ཇོ་བོ་རྗེས་ཐུགས་དམ་དུ་མཛད་པའི་ཆོས་ཆུང་བརྒྱ་རྩ་ཆོས་ཚན་བརྒྱ་དང་གསུམ། རྒྱལ་སྲས་ཐོགས་མེད་ཀྱི་བཀའ་འབུམ་འཐོར་བུའི་སྐོར་པོད་གཅིག །འགྲོ་མགོན་དཔལ་ཡེས་མཛད་པའི་བློ་སྦྱོང་སྙན་བརྒྱུད་ཆེན་མོ། སློབ་བཤད་བླ་མ་བརྒྱུད་པའི་རྣམ་ཐར་སོགས་ལམ་འབྲས་སློབ་བཤད་སྐོར། ངག་དབང་ཆོས་གྲགས་ཀྱི་ལམ་འབྲས་པོད། གཞུང་བཤད་སྲས་དོན་མ་བཅས་དང༌། དཔལ་ས་སྐྱ་པ་ཆེན་པོ་རྗེ་བཙུན་གོང་མ་ལྔའི་བཀའ་འབུམ་པོད་བཅོ་ལྔ་ལ་ལུང་མེད་འགའ་ཞིག་མ་གཏོགས་སྡེ་སྤར་ལྟར་ཡོངས་སུ་རྫོགས་