R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༧༡
[A:༥༧༡]པ། གཞན་ཡང་བློ་སྦྱོང་བརྒྱ་རྩའི་པོད་དཀར་ཆག་ལྟར་དང༌། མ་ཎི་འཀའ་འབུམ། རིན་སྤུངས་སྐོར་གསུམ། ངོར་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་སྐོར་འགའ་ཞིག །རྗེ་ཉིད་ཀྱི་བཀའ་འབུམ་སྐོར་ཕལ་ཆེར་སོགས་ཀྱི་ལུང་མཐའ་ཡས་པ་ཞིག་གསན་ནོ། །ཀུན་མཁྱེན་བུ་སྟོན་གཉིས་པ་མཆོག་གི་སྤྲུལ་པའི་སྐུ་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་གི་དྲུང་ནས་མཆོག་གི་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་རྗེས་གཟུང༌། སྟ་གོན། འཇུག་པ་སོགས་སྔོན་དུ་འགྲོ་བའི་བྱིས་པ་འཇུག་པའི་དབང་བདུན། དབང་གོང་མ། གོང་ཆེན། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་པ། རྒྱུད་འགྲེལ་པ་དང་བཅས་པའི་བཤད་ལུང་ཟབ་མོ། དེའི་སྒྲུབ་དཀྱིལ་སྦྱིན་སྲེག་སོགས་ཀྱི་སྐོར་དང༌། སྦྱོར་དྲུག་སྐོར་གྱི་ཡིག་ཆ་བཅས་བུ་སྟོན་པས་མཛད་པའི་ལུང༌། སྤྱན་རས་གཟིགས་པདྨ་དྲྭ་བའི་དབང་བཞི་ཡོངས་རྫོགས། དཔལ་འཁོར་ལོ་སྡོམ་པ་སྦྱངས་པའི་ཡོན་ཏན་ལྭ་བ་པ་ལྷ་བཅུ་གསུམ་མའི་དབང༌། བདེ་མཆོག་སྡོམ་འབྱུང་ལྷ་བཅུ་གསུམ་མའི་དབང༌། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལྷ་བཅོ་བརྒྱད་ཀྱི་དབང༌། དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་བཅུ་གསུམ་མའི་དབང༌། བདེ་མཆོག་དྲིལ་བུ་ལྷ་ལྔ་ཕྱི་དཀྱིལ་དང་ལུས་དཀྱིལ་གྱི་དབང་བཞི་ཡོངས་རྫོགས། དྲིལ་བུ་རིམ་ལྔའི་ཟབ་ཁྲིད། རྣམ་འཇོམས་དཀར་པོ་ལྷ་བཅུ་དགུའི་དབང༌། ཕྱག་རྡོར་འགྲོ་བཟང་ལུགས་ཀྱི་དབང༌། ཕྱག་རྡོར་གོས་སྔོན་ཅན་གྱི་རྗེས་གནང་སྔོན་འགྲོའི་རྣམ་སྲས་ཀྱི་རྗེས་གནང་བཅུ་བདུན་ཡོངས་སུ་རྫོགས་པ། རྩ་རྒྱུད་དེ་ཉིད་འདུས་པའི་དངོས་བསྟན་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་རྩ་བའི་ལྷ་སོ་བདུན་མགྲོན་ཐབས་སྟོང་དུ་བཞིས་དམན་པའི་དཀྱིལ་འཁོར་ཆེན་པོར་