R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༧༤
[A:༥༧༤]པའི་དབང་དང༌། སྨད་ལས་དྲག་པོ་སྒྲོལ་བའི་རྗེས་གནང༌། དེའི་སྒྲུབ་དཀྱིལ་གྱི་ལུང༌། ཁྲི་ཆེན་ཐམས་ཅད་མཁྱེན་པ་ངག་དབང་བཀྲ་ཤིས་རིན་ཆེན་གྱི་ཞལ་སྔ་ནས་མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་ལྷོ་བྲག་སྲིན་མོ་སྦར་རྗེས་ཀྱི་བྲག་ནས་སྤྱན་དྲངས་པའི་གུ་རུ་དྲག་པོ་དམར་ཆེན་གྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ། འཇམ་མགོན་ཕྱོགས་ཀྱི་གླང་པོའི་དྲུང་ནས་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ཚེ་རྟ་ཟུང་འབྲེལ་གྱི་ཚེ་དབང་ཟབ་མོ་བཅས་གསན་ནོ། །སྙན་བརྒྱུད་བསྟན་པའི་མངའ་བདག་འདར་མཁན་ཆེན་ཀུན་དགའ་འཇམ་དཔལ་གྱི་དྲུང་ནས་དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཐུན་མོང་མ་ཡིན་པ་དྲག་པོ་ཁྲོས་པ་ལྷ་བཅུ་གསུམ་གྱི་དབང་བཞི་ཡོངས་སུ་རྫོགས་པ། དེ་དང་འབྲེལ་བར་རྫོགས་རིམ་རྭ་ཁྲིད་མཁའ་འགྲོའི་སྙན་རྒྱུད་ཀྱི་ཟབ་ཁྲིད་ཟབ་མོ་ལེགས་པར་གསན། ཡང་རྡོ་རྗེ་འཇིགས་བྱེད་ཀྱི་སྔགས་བཏུའི་བྱིན་རླབས། ལས་གཤིན་དཔའ་གཅིག་ཡབ་ཡུམ། ལས་གཤིན་ཁྲག་མདོག་ཡབ་ཡུམ། ལས་གཤིན་བསེ་བྱ་བཞི་སྐོར། འཇིགས་བྱེད་དཔའ་གཅིག་ཞལ་ཕྱག་ཡོངས་རྫོགས། འཇིགས་བྱེད་དཔའ་གཅིག་ཞལ་གཅིག་ཕྱག་གཉིས་བཅས་ཀྱི་རྗེས་གནང་དང༌། དེ་དག་གི་ལུང་སྐོར་འགའ་ཞིག །གཏེར་སྟོན་རྐྱང་མོ་གྲགས་ནས་བརྒྱུད་པའི་དཔལ་རྟ་མགྲིན་ཡང་གསང་ཁྲོས་པ་དབང་ཆེན་ལྷ་དགུ་དང༌། ཚེ་དབང་གྱིང་ལྔ་གཟའ་གདོང་བཅས་ཡོངས་རྫོགས། འཕགས་པ་རིག་པ་ཆེན་མོ་གཟའ་ཡུམ་གཙོ་འཁོར་རྣམས་དང༌། ཛམ་སེར་ནག །འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔ། རྡོ་རྗེ་གུར་ནས་གསུངས་པའི་སོར་འབྲང་མ་དཀར་མོ། རི་ཁྲོད་ལོ་མ་གྱོན་མ། ལྷ་མོ་ནོར་རྒྱུན་མ། གནོད་སྦྱིན་ཆེན་པོ་བེག་ཙེ་འཁོར་མང་བཅས་ཀྱི་རྗེས་གནང༌།