R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༧༥
[A:༥༧༥] སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་སྔོན་དུ་འགྲོ་བའི་སློབ་དཔོན་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ཡོངས་རྫོགས། ཚར་པའི་ཆོས་སྤྱོད་སྐོར་གྱི་ལུང་རྣམས་གསན་ཡིག་ཏུ་གསལ་བ་བཞིན་དང༌། ཁྱད་པར་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཆོས་སྐོར་ལ། མགོན་པོ་གྲི་གུག་ལྷ་ལྔ་རྒྱ་གཞུང་ལུགས་དང་སྙན་བརྒྱུད་ལུགས་གཉིས། ལྷ་བརྒྱད། ལྷ་བཅུ་གཉིས་མ། ལྷ་བཅུ་བདུན་མ་རྣམས་ཀྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་དང༌། རྗེས་གནང་སྐོར་ལ། བ་རི་ལོ་ཙཱ་བ་ནས་བརྒྱུད་པའི་མགོན་རྐྱང༌། ལྕམ་དྲལ་ལྷ་གསུམ། ལྷ་བརྒྱད་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ། ལྷ་བཅུ་གཉིས་མ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ། ཁྲོ་བཅུའི་རྗེས་གནང་བཀའ་རྒྱ་ཤིན་ཏུ་དམ་པ། གསང་ཁྲིད་ལྷ་དགུ། ལྷ་མོ་དུད་སོལ་མའི་ཕྱི་སྒྲུབ་ཐུན་མོང་བ་དང༌། གསང་སྒྲུབ་ཐུན་མོང་མ་ཡིན་པ། ཕྱིའི་ལས་མཁན་གཅེར་བུ་ཟངས་གྲི་ཅན། ནང་གི་ལས་མཁན་བེར་ནག་ཟངས་གྲི་ཅན། གསང་བའི་ལས་མཁན་པུ་ཏྲ་མིང་སྲིང༌། རུ་མཚོན་གྱི་ལས་མཁན་བྲན་བདུད་གཤིན་རྗེ་ནག་པོ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་རྣམས་ཀྱི་རྗེས་སུ་གནང་བ་དང༌། རྡོ་རྗེ་བྲག་རྫོང་མའི་བསྲུང་བཟློག་གསད་མནན་བཞི་གཙོ་བོར་གྱུར་པའི་མན་ངག་ཕྱིའི་བྲག་རྫོང༌། དྲག་པོ་སྔགས་རྒོད་ནང་གི་བྲག་རྫོང༌། སེམས་ཉིད་ཡེ་ཤེས་ཀྱི་འཁོར་ལོ་གསང་བའི་བྲག་རྫོང་སྟེ་ཕྱི་ཁྲིད་ཡོངས་རྫོགས། བསྙེན་སྒྲུབ་ལས་གསུམ་གྱི་སྒོ་ནས་གསང་བ་ཐུན་མོང་མ་ཡིན་པའི་ཁྲིད་རིམ་རྣམས་དང༌། དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ནས་བསྟན་པའི་ཞིང་སྐྱོང་སྟོབས་འཕྲོག་དབང་པོ་གདོང་བཞི་པའི་སྐོར་ལ། བསྙེན་དུས་ཀྱི་