R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༧༨
[A:༥༧༨]མཁའ་འགྲོ་སྙན་བརྒྱུད་ཡབ་བཀའ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང་དང༌། ཡུམ་བཀའ་ཕག་མོ་ལྷ་བཅོ་ལྔའི་བྱིན་རླབས་བཅས་གསན། ཡང་སྨྲ་བའི་སེང་གེ་ཐོ་ཡོན་རིན་པོ་ཆེས་བསྒྲིགས་པའི་རྗེས་གནང་བརྒྱ་རྩའི་སྐོར་ལས་ཚོམ་བུ་ཉེར་གཅིག་གི་མཎྜལ་ལ་བརྟེན་པའི་ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། བཀའ་གདམས་ལྷ་བཞི། འཇམ་དཀར་ཤེས་རབ་འཁོར་ལོ། ལྷ་མོ་སྣ་ཚོགས་ཡུམ། སྲད་བརྒྱུད་ལོ་གྱོན་གཙོ་འཁོར་གསུམ་པ། རས་ཆུང་ལུགས་ཀྱི་གཏུམ་པོ་ཁྱུང་ལྔ། རས་ཆུང་ལུགས་ཀྱི་ཕྱག་རྡོར་གཏུམ་པོ་ཁྲ་ཐོགས། བ་རི་ལུགས་ཀྱི་རྣམ་འཇོམས་ལྗང་སྔོན། མི་གཡོ་བ་སྔོན་པོ། ཇོ་ལུགས་སྨེ་བརྩེགས་ལྗང་ནག །ཁྱུང་ནག་མེའི་སྤུ་གྲི། ཁྲོ་བོ་རྡོ་རྗེ་ཤུགས། ལྷ་མོ་ཤྲ་བ་ཎ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ལ་བདེ་གཤེགས་རིགས་བཞིས་བསྐོར་བ། སྐྱེར་སྒང་ལུགས་ཀྱི་སྤྱན་རས་གཟིགས་གཙོ་འཁོར་གསུམ་པ། སྒྲོལ་མ་གཙོ་རྐྱང༌། སྒྲོལ་དཀར་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང༌། གཏོར་མ་རིལ་བུའི་ཚེ་དབང༌། གྲུབ་རྒྱལ་ལུགས་རྟ་མགྲིན་པད་དབྱུག་ཅན། རྟ་མགྲིན་ཟླ་རྒྱལ་ལུགས་སམ་ལྕགས་རལ་ཅན། བོ་དོང་ལུགས་ཀྱི་དབྱངས་ཅན་དཀར་མོ། འཇིགས་བྱེད་དཔའ་གཅིག་ཞལ་གཅིག་ཕྱག་གཉིས་པ། འཇིགས་བྱེད་སྔགས་བཏུ། རྡོར་སེམས་ཡུམ་ཅན། རྡོར་སེམས་ཡབ་རྐྱང༌། གསང་འདུས་སྔགས་བཏུ། བདེ་མཆོག་སྔགས་བཏུ། རྒྭ་ལོའི་ལུགས་ཀྱི་བདེ་མཆོག་ལྷན་སྐྱེས། སྟག་ལུང་པའི་ཐུགས་དམ་བདེ་མཆོག་དཔའ་གཅིག །རྡོ་རྗེ་ཕག་མོ་ཐང་ལུགས་ཀྱི་བྱིན་རླབས་བརྡ་དབང༌། བདེ་མཆོག་དཀར་པོ། ཕྱག་རྡོར་འཁོར་ཆེན། འཕགས་ལུགས་ཛམྦྷ་ལ་ཞལ་གསུམ་ཕྱག་དྲུག་པ་ཡུམ་ཅན།