R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༨༡
[A:༥༨༡]མེད་ཆོས་ཀྱི་རྒྱལ་མཚན་དྲུང་ནས་ཀུན་མཁྱེན་པདྨ་དཀར་པོའི་དག་པའི་གཟིགས་ངོར་ཤར་བའི་གུར་དྲག་ཕུར་ཤམ་ཅན་གྱི་སྟོད་ལས་བྱང་ཆུབ་སྒྲུབ་པ་དང༌། སྨད་ལས་དགྲ་བགེགས་སྒྲོལ་བའི་བྱིན་རླབས་ཟབ་མོ། དེས་མཛད་པའི་བླ་མ་དྲག་པོ་ཀཱི་ལ་ཡའི་མན་ངག་གི་ལུང་དང༌། དམར་ཁྲིད་མདོར་བསྡུས་བཅས་གསན། ཡང་ཆབ་མདོ་རྒྱ་ར་སྤྲུལ་སྐུ་རིན་པོ་ཆེ་འཕགས་མཆོག་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་དབང་ཕྱུག་གི་དྲུང་ནས་མི་ཏྲའི་ཁྲིད་དྲུག་ལ་ལྷ་རང་རང་གི་དབང་བསྐུར་བ་དང་རྗེས་གནང་སྔོན་དུ་འགྲོ་བས། སྤྱན་རས་གཟིགས་གསུང་གི་ཁྲིད། འཇམ་པའི་དཔལ་སྐུའི་ཁྲིད། ཕྱག་ན་རྡོ་རྗེ་ཐུགས་ཀྱི་ཁྲིད་བདུད་དཔུང་འཇོམས་བྱེད། ཚེ་དཔག་མེད་ཡོན་ཏན་གྱི་ཁྲིད་འཆི་མེད་རྡོ་རྗཻའི་སྐུ་སྒྲུབ་པ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཕྲིན་ལས་ཀྱི་ཁྲིད་འཁོར་བའི་འཕྲང་སྒྲོལ་བ། ཛམྦྷ་ལ་སེར་པོའི་ཁྲིད་དངོས་གྲུབ་ཆར་འབེབས་རྣམས་དང༌། ཆོས་སྐྱོང་བྲག་ལྷ་མགོན་པོའི་རྗེས་གནང༌། དེ་དག་གི་རྒྱབ་རྟེན་དུ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཐུགས་དམ་ལྷ་དྲུག་གི་རྩ་བའི་ཆོས་ཚན་ཐེམས་ཡིག་དཀར་ཆག་གསལ་བའི་མེ་ལོང་ལས་བྱུང་བའི་ཆོས་སྐོར་རྣམས་ཀྱི་ལུང་བཅས་ལེགས་པར་གསན་ནོ། །ཆོས་ཀྱི་སྤྱན་ལྡན་བླ་མ་བསྟན་པ་དར་རྒྱས་དྲུང་ནས་སློབ་དཔོན་ཆེན་པོ་ས་ར་ཧས་བཀྲལ་བའི་སངས་རྒྱས་ཐོད་པ་ལྷ་ཉེར་ལྔའི་དབང་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ས་ལུགས་ཀྱི་དབང་བཞི་ཡོངས་སུ་རྫོགས་པ་གསན་པ་སྟེ། མདོར་ན་བཀའ་ཆོས་ཀྱི་རིགས་གསན་པ་དེ་རྣམས་ཀྱང་འདིར་ནི་རགས་པ་ཙམ་སྨོས་པར་ཟད་ཀྱི། འདིར་མ་འདུས་པའི་ཡིག་ཆ་སོ་སོའི་ལུང་དང༌། གཞན་ཡང་གསང་སྔགས་གསར་རྙིང་གི་དབང་ལུང་མན་ངག་རྣམས་ཀྱིས་གཙོས་ཕྱི་ནང་གི་རིག་པའི་གནས་ཇི་སྙེད་པ་གསན་པའི་ཚུལ་ཞིབ་མོར་ཕྱེ་