[A:༥༨༢]ན་མཐའ་ཡས་ཤིང་བརྗོད་པའི་གྲངས་ལས་འདས་པ་ཞིག་སྣང་མོད། འདིར་ནི་ཡི་གེས་འཇིགས་པས་བྲི་བར་མ་ནུས་ཀྱང་བློ་གྲོས་དང་སྐལ་བར་ལྡན་པའི་གང་ཟག་དག་གིས་རྗེ་འདིའི་གསན་ཡིག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་བང་མཛོད་བྱེ་བ་ཕྲག་བརྒྱའི་སྒོ་འཕར་དུས་གཅིག་ཏུ་དབྱེ་བ་དང་མཚུངས་པ་དག་ལ་ཞིབ་ཏུ་གཟིགས་ཏེ་རྨད་དུ་བྱུང་བའི་རྣམ་པར་ཐར་པ་རྒྱ་མཚོ་ཆེན་པོ་དང་འདྲ་བ་འདི་ལྟ་བུའི་རྗེས་སུ་བསླབ་པར་བྱའོ། །དེ་ལྟར་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་དེའང༌། འཕགས་པ་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །སྨྲ་བའི་ཉེས་པ་འདི་འདྲ་རྟོགས་གྱུར་ཅིང༌། །དོན་གྱི་ཡོན་ཏན་མཆོག་འདི་ཤེས་ནས་ནི། །འདི་ན་བྱང་ཆུབ་མཁས་པ་གང་ཡིན་པ། །དེས་ནི་དོན་བསམ་པ་ལ་དགའ་བར་གྱིས། །ཞེས་གསུངས་པ་ལྟར་ཐོས་པ་ཙམ་དུ་མ་བཞག་པར་བསམས་བྱུང་གི་ཤེས་རབ་ཀྱིས་ཐོས་པའི་དོན་ལ་ཡང་དང་ཡང་དུ་དཔྱད་ཅིང་རིགས་པའི་ཚོགས་མཐའ་ཡས་པས་གཏན་ལ་ཕབ་པའི་སྒོ་ནས། ཟབ་མོ་ལྟ་བའི་གནས་ལུགས་ལ་རྒྱ་ཆེན་སྤྱོད་པའི་རིམ་པ་སྒོམ་པས་ཉམས་སུ་ལེན་པ་སོགས་ཀྱི་གནས་སྐབས་གང་དང་གང་ལའང་མ་རྟོགས་པ་དང༌། ལོག་པར་རྟོག་པ་དང༌། ཐེ་ཚོམ་གྱི་འཆིང་བ་སོགས་འཁྲུལ་པའི་དྲི་མ་ཕྲ་མོ་ཙམ་ཡང་མེད་པར་ཐུགས་ཀྱི་དཔྱད་པ་ཡོངས་སུ་རྫོགས་པར་མཛད་པ་ཡིན་ནོ། །ཞབས་སེན་ཉི་མ་འཆར་ཀའི་འོད་ཀྱིས་ནི། །མཐའ་ཀླས་རྒྱལ་བའི་ཅོད་པན་མཛེས་གྱུར་ཀྱང༌། །བཤེས་གཉེན་ནོར་བུའི་ཕྲེང་བས་གཙུག་ཏོར་མཆོག །སླར་ཡང་མཛེས་པ་དམ་པའི་རྩེ་མོར་བསྒྲུབས། །རྣམ་པ་ཐམས་ཅད་མཁྱེན་པའི་