R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༨༤
[A:༥༨༤]བ་བཞེས་པར་གདོན་མི་ཟ་བ་རྗེ་བཙུན་འཇམ་པའི་དབྱངས་འདི་ཉིད་བཞུགས་བཞིན་པར། འགྲོ་མགོན་སངས་རྒྱས་ཡོད་བཞིན་དུ། །སྟོན་པ་གཞན་ལ་གུས་བྱེད་པ། །ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ། །བ་ཚྭའི་ཁྲོན་པ་རྐོ་བ་བཞིན། །ཞེས་གསུངས་པ་ལྟར་མགོན་པོ་འདི་ལྟ་བུ་ལ་གསོལ་བ་འདེབས་པ་སྤངས་ཏེ། སྟོན་པ་གཞན་དུ་འཚོལ་བ་ནི་ཧ་ཅང་དགོས་མེད་དུ་ཟད་པས། ད་ནི་ངེས་པར་རྗེ་བཙུན་དམ་པ་འདི་ཉིད་ལ་སྙིང་གི་དཀྱིལ་ནས་གསོལ་བ་འདེབས་པ་ལས་འོས་མ་མཆིས་སོ་སྙམ་དུ་ཕན་ཚུན་འགྲོ་བ་ཙམ་ཡང་མི་དགོས་པར་བསམ་པ་ཆིག་དྲིལ་དུ་མཐུན་ཏེ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་རྩེ་གཅིག་བཏབ་ཀྱང་རེ་ཞིག་ཞལ་གྱིས་མ་བཞེས་པར། སླར་ཡང་བླ་གྲྭ་རྣམས་ནས་འཇམ་མགོན་བདག་ཆེན་རིན་པོ་ཆེར་སྙན་ཞུ་དེ་ལྟར་ཕུལ་བས། དཔལ་ས་སྐྱ་ནས་བདག་ཆེན་རིན་པོ་ཆེ་སྐུ་མཆེད་རྣམས་དང༌། སྟོབས་ཀྱི་འཁོར་ལོས་སྒྱུར་བ་གནམ་བསྐོས་དགའ་ལྡན་ཕོ་བྲང་བ་ནས་ཀྱང་རྗེ་འདི་ཉིད་ཆོས་ཀྱི་ཁྲི་ལ་ཞབས་སེན་འཁོད་པ་ཞིག་བྱུང་ན་སྙིགས་མ་ལྔ་པོ་བདོ་བའི་དུས་འདིར་སྲོག་ཆད་ཁ་མར་བདུད་རྩི་ལྟ་བུ་བསྟན་འགྲོར་སྨན་ཡོན་ཆེན་པོར་འགྱུར་བར་དགོངས་ཏེ་གདན་སའི་ཁུར་བཞེས་མཛད་དགོས་པའི་བཀའ་ལུང་ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ་ནན་ཏན་དུ་སྩལ་བ་དང་ཆབ་ཅིག་ཨེ་ཝྃ་པའི་བླ་གྲྭ་རྣམས་ནས་ཀྱང་ཕྱག་གི་མེ་ཏོག་རི་བོ་ལྟར་བརྩེགས་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་པར། སྤྱིར་དེ་སྐབས་བླ་ཁག་གི་ཞབས་དྲུང་འགའ་རེ་བཞུགས་ཀྱང་འགའ་ཞིག་ཁམས་ཕྱོགས་སུ་བཞུགས་པ་དང༌། འགའ་ཞིག་དགུང་གྲངས་ནར་མ་སོན་ཞིང་སྐུ་ཡོན་གཟིགས་སྐྱོང་གི་སྐབས་ཡིན་སྟབས་ཞུ་ཡུལ་དུ་ཆེར་མ་གྱུར་མོད། འོན་ཀྱང་རྒྱལ་བའི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུའི་མཛད་ཕྲིན་ཅན་