[A:༥༨༣]བང་མཛོད་དུ། །ད་དུང་ཐོས་པའི་ནོར་བུ་ཆེར་སྡུད་པས། །ནམ་ཡང་ཆོག་མི་ཤེས་པའི་བློ་གྲོས་ཅན། །འདི་ཡི་དགོངས་པ་ནམ་ཞིག་གང་བར་འགྱུར། །སྨན་མཛད་ཁྱེད་ཀྱིས་བདོག་པ་ཇི་སྙེད་པས། །མཐའ་ཀླས་འགྲོ་བའི་རེ་འདོད་སྐོང་ཞེས་རྫུན། །གཞན་དུ་རྣམ་མང་ཤེས་བྱ་ནོར་བུའི་ཚོགས། །མ་བྱིན་པར་ཡང་བདག་གིར་བཞེད་འདི་ཅི། །ཇི་སྙེད་ཤེས་བྱ་རྒྱ་མཚོའི་ཁྱོན་གྱིས་ཀྱང༌། །ནམ་མཁའི་མཐའ་ལྟར་ཡངས་པའི་མཁྱེན་རབ་ལ། །ཆ་ཙམ་འགྲན་པར་མ་བཟོད་མགོན་ཁྱོད་ཀྱི། །ཐུགས་ཀྱི་བུམ་བཟང་མཆོག་ཏུ་ཡིབ་བམ་སྙམ། །སྨྲ་བའི་ཤུན་པ་སྤངས་ཏེ་རྩེ་གཅིག་ཏུ། །ཟབ་མོའི་དོན་ལ་སྤྱོད་པ་མངར་བའི་རོ། །རྣམ་པར་དཔྱོད་ལྡན་ཁྱོད་ཀྱིས་མྱོང་བ་ལྟར། །སྲིད་ན་བློ་ལྡན་བརྒྱས་ཀྱང་མྱོང་བ་མེད། །ཅེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ་ལས། ཕྱི་ནང་གི་རིག་པའི་གནས་རྣམས་ལ་མང་དུ་ཐོས་པ་ཡོངས་སུ་བཙལ་བའི་སྐབས་ཏེ་གསུམ་པའོ།། །། ༈ དེ་ནས་དགུང་གྲངས་ཉེར་གསུམ་པའི་སྐབས་ཕན་ཁང་མཁན་རིན་པོ་ཆེ་ཀུན་དགའ་བསྟན་པའི་བློ་གྲོས་ནས་ས་སྐྱ་བདག་ཆེན་རིན་པོ་ཆེར་ཨེ་ཝྃ་བླ་བྲང་གི་མཁན་པོའི་དགོངས་ཁྲོལ་ནན་ཏན་དུ་ཞུས་སྟབས་ངོར་གྱི་བླ་ཁག་ཁང་ཚན་རྣམས་ལ་མཁན་པོའི་འོས་འདུ་འཕྲལ་དུ་འབུལ་དགོས་ཀྱི་བཀའ་ལུང་གནང་བར། ཨེ་ཝྃ་པའི་བླ་ཁག་ཁང་ཚན་ཐམས་ཅད་ཀྱིས། དེང་གི་སྐབས་འདིར་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཉིད་རང་བསྟན་ཉི་ཟླ་ལྟ་བུར་སླར་ཡང་སྤེལ་བའི་སླད་དུ་བསམ་བཞིན་སྐུའི་སྐྱེ་