R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༨༥
[A:༥༨༥]འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང༌། མདོ་སྔགས་བསྟན་པའི་སྲོག་ཤིང་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་གཉིས་ཀ་བཞུགས་ཡོད་པ་ལས། འཇམ་མགོན་བཀའ་འགྱུར་བ་ཆེན་པོ་ནི་དེ་སྐབས་གྲྭ་རྐྱང་གི་ཚུལ་དུ་བཞུགས་ཤིང༌། ཁྱད་པར་ཟང་ཟིང་གི་དངོས་པོ་རྣམས་རྙེད་པ་དང་གཏོང་བ་དུས་གཅིག་པའི་རྣམ་ཐར་སྐྱོང་བ་ལ་བརྟེན་ནས། བླ་བྲང་གི་རྩིས་སྤྲོད་སོགས་གང་ཅིའི་ཐད་ནས་རེ་ཞིག་ཐུགས་འགན་ལྕོགས་མིན་གྱིས་སྙན་ཞུ་འབུལ་གནང་མཛད་མ་བདེའང༌། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཉིད་དུས་དེ་ཙམ་ན་དབུས་གཙང་ཁམས་གསུམ་དུ་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཆེན་པོ་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་གཉིས་དང་རྣམ་པར་དབྱེ་བ་ཅུང་ཟད་ཀྱང་མ་མཆིས་པར་དཔྱོད་ལྡན་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པ་དང༌། མ་ཟད་ཐར་རྩེ་རང་གི་སྐུ་ངོས་ཀྱི་གྲངས་སུའང་བཞུགས་སྟབས་ཅིས་ཀྱང་གདན་ས་མཛད་ཐུབ་ཀྱི་ཞུ་བ་ཡང་ཡང་ནན་ཏན་དུ་འབུལ་གནང་མཛད་ཀྱང་གཏན་ནས་ཞལ་གྱིས་མ་བཞེས་པར། སླར་ཡང་རྗེ་དེ་ཉིད་ཀྱི་གསུང་གིས། སྤྱིར་ཐར་རྩེ་རང་གི་གདུང་རིགས་སུ་བྱོན་པའི་བླ་མ་སུའང་མི་བཞུགས་པ་ཞིག་ཡིན་ན་བདག་གིས་ཀྱང་བགྱི་སྒོ་གང་འོས་བྱེད་པ་གཞིར་བཅས་ཀྱང༌། ད་ལྟ་ནི་རྗེ་བཙུན་འཇམ་པའི་གཏེར་ཆེན་ཉིད་རིན་པོ་ཆེ་ལྟ་བུ་བཞུགས་བཞིན་དུ་བདག་གིས་མཁན་པོ་འོས་སུ་མི་ཆེ་བས། ད་ནི་གདུལ་བྱའི་འགྲོ་བ་འདི་དག་གི་དོན་ལ་ཆེད་དུ་དགོངས་ཏེ་རྗེ་ཉིད་ཁོ་ན་གདན་ས་ཆེན་པོའི་བཞུགས་ཁྲིར་ཕེབ་ཐུབ་པ་ཞིག་ཅིས་ཀྱང་མཛད་དགོས་སོ་ཞེས་ཕྱིར་ཞིང་བཀའ་ནན་ཟློག་ཏུ་མེད་པ་སྩལ་བར་མཛད་དོ། །དེའི་དགོངས་གཞིའང་སྤྱིར་སེམས་ཅན་རྣམས་ནི་སྔོན་གྱི་སྨོན་ལམ་དང༌། རང་རང་གི་ལས་ཀྱིས་འཕེན་པ་མི་འདྲ་བའི་དབང་གིས་སྐྱེ་འཆིའི་ཕྲེང་བ་གྲངས་