[A:༥༨༦]མེད་པས་འཁོར་བའི་སྐྱེ་གནས་རྣམས་སུ་འཁོར་བ་ན་ཡུན་རིང་པོ་ཞིག་ནས་རང་རང་གི་དགེ་བའི་བཤེས་གཉེན་དུ་གྱུར་པ་གང་ཡིན་པ་དེས་འདུལ་བ་ནི་ཆེས་སླའི། དེ་ལས་གཞན་དུ་ན། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང༌། །སྐལ་པ་མེད་པས་བཟང་མི་མྱོང༌། །ཞེས་གསུངས་པ་ལྟར་སྐལ་པ་དང་མི་ལྡན་ན་ཡོན་ཏན་གྱི་ཁྱད་པར་བསམ་གྱིས་མི་ཁྱབ་པ་མངའ་བའི་འདྲེན་པ་དམ་པ་དག་གིས་ཕྲིན་ལས་ཇི་ཙམ་མཛད་དུ་ཟིན་ཀྱང་འདུལ་བར་ནུས་པ་མ་ཡིན་ཏེ། མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འཇམ་དཔལ་གཞོན་ནུར་གྱུར་པ་འདིས་རྒྱལ་པོ་མ་སྐྱེས་དགྲ་འདི་བསྐལ་པ་དྲི་མ་མེད་པ་ཞེས་བྱ་བ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་བཟང་ཞེས་བྱ་བའི་གསུང་རབ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་གོ །ཤཱ་རིའི་བུ་རྒྱལ་པོ་མ་སྐྱེས་དགྲ་འདི་ནི་འཇམ་དཔལ་གཞོན་ནུར་གྱུར་པ་མ་གཏོགས་པར་སངས་རྒྱས་སྟོང་གིས་ཆོས་བཤད་ཀྱང་འགྱོད་པ་དེ་བསལ་བར་བྱ་བའི་གནས་དང་གོ་སྐབས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ཉིད་ཀྱིས་འདུལ་བ་ཡིན་ཏེ། ཕྱི་ཕྱིར་ཞིང་འདིས་ཆོས་ཟབ་མོ་བསྟན་པ་འདི་ཉིད་ལས་ཐོས་པར་འགྱུར་རོ། །དེ་བས་ན་ཤཱ་རིའི་བུ་རྣམ་གྲངས་དེས་ཀྱང་འདི་ལྟར་རིག་པར་བྱ་སྟེ། གང་དང་གང་དག་བྱང་ཆུབ་སེམས་དཔའ་གང་དང་གང་དག་གིས་འདུལ་བར་འགྱུར་བ་དེ་དང་དེ་ཉིད་ཀྱིས་ཆོས་བསྟན་པ་ཤེས་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དེས་ན་རྒྱལ་བ་རྣམས་ནི་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་སྤྱན་དང་ལྡན་པས་མི་མཁྱེན་པའམ། མི་གཟིགས་པ་ཅི་འང་མི་མངའ་བས། རེ་ཞིག་སྔོན་གྱི་ལས་སྨོན་གྱིས་འཕེན་པའི་དབང་གིས་གདུལ་བྱ་འདི་