R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༨༨
[A:༥༨༨]ཅན་གཞུག་པའི་ཐབས་སུ་མཛད་པའི་རིམ་པ་དེ་ལྟ་བུར་བསྟན་པའོ། །གང་ལྟར་ཡང་སྔོན་གྱི་ཚེ་རབས་རྣམས་སུ་ཞིང་ཁྱད་པར་དུ་འཕགས་པའི་རྣམ་འདྲེན་དམ་པ་འདི་ལ་བརྟེན་ནས་ལས་བཟང་པོ་མཐུན་པར་བསགས་པའི་གདུལ་བྱ་དག་ནི་རང་རང་གི་རིས་སོ་སོ་ནས་འཕོས་ཏེ་ལྗོངས་འདིར་སྐྱེ་བའི་འཁྲི་ཤིང་ཡོངས་སུ་བཟུང༌། རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་ཡོངས་སུ་སྨིན་པར་མཛད་པའི་དགེ་བའི་རྩ་བ་དག་ནི་སྟོབས་དང་ལྡན། ཤིན་ཏུ་དབང་པོ་རྣོ་ཞིང་བརྩོན་འགྲུས་ཀྱི་སྟོབས་ལྷག་པར་འབར་བའི་སྐྱེས་བུ་སྐལ་བ་དང་ལྡན་པ་འགའ་ཞིག་ནི་གསང་ཆེན་བླ་ན་མེད་པའི་ལམ་གྱི་སྣོད་རུང་དུའང་གྱུར། ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་རྒྱལ་བ་ཐམས་ཅད་ཀྱིས་འོད་ཟེར་ཆེན་པོས་དབང་བསྐུར་བ་ལྟར་རིགས་ཀྱི་བདག་པོ་མཚུངས་ཟླ་མེད་པ་རྣམས་ཀྱིས་བསྟན་པའི་བདག་པོ་ཆེན་པོར་མངའ་གསོལ་བའི་བཀའི་བདུད་རྩིས་ནི་དབང་བསྐུར། འཇིག་རྟེན་གྱི་ཆེ་རྒུ་དག་གིས་གཙོས་ལྷ་དང་མིའི་འགྲོ་བ་བགྲང་དུ་མེད་པས་སྙིང་གི་དཀྱིལ་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་པས་ཀྱང་ཐུགས་རྗེའི་རྒྱ་མཚོ་ཆེན་པོ་ལྷག་པར་གཡོས་ཏེ། ད་ནི་རྒྱལ་བ་གཉིས་པའི་ཆོས་ཀྱི་ཁྲི་ཆེན་པོར་བཞུགས་ཏེ་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་གདུལ་བྱའི་འགྲོ་བ་འདི་དག་མངོན་མཐོ་དང་ངེས་ལེགས་ཀྱི་གྲོང་དུ་དཀྲི་བའི་དུས་ལ་ངེས་པར་བབ་པའོ་སྙམ་དུ་དགོངས་ཏེ། ལྕགས་མོ་ཕག་གི་ལོའི་མགོ་ཟླ་བའི་གྲལ་ཚེས་གསུམ་པར་གཟའ་སྐར་ལེགས་འཛོམ་ཕུན་སུམ་ཚོགས་པའི་ཉིན་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝྃ་ཆོས་ལྡན་གྱི་གཙུག་ལག་ཁང་ཆེན་པོར། ཇི་ལྟར་ནོར་བུ་བཻ་ཌཱུརྻའི་ཁ་དོག་ལྟ་བུ་ལ་བཀྲ་ཤིས་པའི་གཟུགས་བརྙན་མང་པོའི་དབྱིངས་སུ་འཆར་བའི་བདུག་སྤོས་ཀྱི་དུད་སྤྲིན་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པ་དང༌། སྲིད་ན་མཛེས་པའི་དར་ཟབ་ཀྱི་ཁྱད་པར་སྣ་ཚོགས་པ་ལས་གྲུབ་པའི་