R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༨༩
[A:༥༨༩]གདུགས་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པའི་ཡོ་བྱད་ཀྱིས་ནམ་མཁའི་གོ་སྐབས་མ་ལུས་པར་འགོག་པ་དང༌། འཇིག་རྟེན་གྱི་ཁམས་ཀྱི་སྙན་འགྱུར་མ་ལུས་པ་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུའི་སིལ་སྙན་དང༌། རོལ་མོ་དང༌། རྔ་བོ་ཆེ་ལ་སོགས་པའི་སྒྲ་སྐད་ཀྱིས་ས་གཞི་གཡོ་བ་དང་བཅས་བསུ་བའི་བཀོད་པ་བསམ་གྱིས་མི་ཁྱབ་པས་མདུན་བདར་ཏེ་གཤེགས་ནས། སེང་གེ་ཆེན་པོ་བརྒྱད་ཀྱིས་ནམ་མཁའི་དབྱིངས་མཐོན་པོར་བཏེག་པའི་རིན་པོ་ཆེའི་ཁྲི་ལ་ལྷ་རྫས་ཀྱི་གོས་ཀྱིས་བཀབ་པའི་སྟེང་དུ་བསོད་ནམས་བརྒྱ་ཕྲག་དུ་མ་ལས་གྲུབ་པའི་ཞབས་མཐིལ་འཁོར་ལོའི་རེའུ་ཁཱ་མངོན་པར་བཀོད་དེ། འཕགས་མཆོག་འདུས་པ་རྒྱ་མཚོ་ལ་སོགས་པ་ལྷ་དང་མིའི་འཁོར་ས་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པ་དག་ཟིལ་གྱིས་མནན་ཅིང་བཞུགས་སོ། །དེའི་ཚེ་སྔོན་གྱི་དུས་སུ་འཕགས་པ་གཞོན་ནུ་བློ་གྲོས་ཀྱིས་རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་དེ་ཉིད་དགེ་ལྡན་ས་བཟང་གི་ཁྲི་ལ་མངའ་གསོལ་བའི་དུས་སུ་ཕུལ་བའི་ཆོས་དུང་རིན་པོ་ཆེ་དང༌། སྙན་བརྒྱུད་བསྟན་པའི་བདག་པོ་གཅིག་པུར་གྱུར་པའི་མཚོན་བྱེད་དུ་ལམ་འབྲས་གླེགས་བམ་པོད་སེར་རྗེ་བཙུན་རིན་པོ་ཆེའི་ཕྱག་དཔེ་འཁྲུལ་མེད། རིན་ཆེན་གཉིས་པ་ལས་གྲུབ་པའི་བཀྲ་ཤིས་རྟགས་བརྒྱད་ཀྱི་བཀོད་པ་ངོ་མཚར་བ་རྣམས་དང༌། ལྷའི་རྔ་བོ་ཆེ་ལྟར་ལྡིར་བའི་གསུང་དང་ལྡན་པའི་དགེ་འདུན་གྱི་གནས་བརྟན་རྣམས་ཀྱིས་དབྱངས་སྙན་པོས་བསྐུལ་བ་དང་བཅས། རི་རབ་གླིང་བཞི་ཉི་ཟླ་དང་བཅས་པས་བརྒྱན་པའི་མཎྜལ་གྱི་བཀོད་པ་བཟང་པོས་ཐོག་དྲངས། ཐོག་མར་མཚན་མཆོག་གསུམ་དང་ལྡན་པ་དཔལ་ལྡན་ས་སྐྱ་པ་ཆེན་པོའི་ཁྲི་འབུལ་དང༌། དེའི་རྗེས་སུ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་གནམ་བསྐོས་དགའ་ལྡན་ཕོ་