R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༩༢
[A:༥༩༢]འཁོར་ལོ་རྒྱུན་མི་འཆད་པ་ཞིག་བསྐོར་བར་མཛད་པ་ཡིན་ལ། དེའང་རྗེ་བཙུན་དམ་པ་འདིའི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་མཐའ་དག་ནི་འཕགས་པའི་གང་ཟག་རྣམས་ཀྱིས་ཀྱང་བློས་དཔག་པར་མི་ནུས་མོད། རེ་ཞིག་བདག་ཅག་ལ་སོགས་པ་ཚུ་རོལ་མཐོང་བའི་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྣང་ངོར་ཡང་ཚུལ་ཁྲིམས་དག་པས་སྐུ་གཙང་བ། ཤེས་རབ་དག་པས་ལུང་རིགས་མཁས་པ། ལྷག་བསམ་དག་པས་གཞན་ལ་ཕན་པར་དགོངས་པ་སོགས་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་མ་ལུས་པ་དང་ལྡན་པ་ནི་ཀུན་གྱི་མངོན་སུམ་དུ་གྲུབ་པས་ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་ཚད་མའི་གནས་སུ་གྱུར་པ་ཡིན་ཞིང༌། ཁྱད་པར་དུ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ལ་འགོད་པར་བཞེད་པའི་ཐུགས་བསྐྱེད་བཟང་པོས་ཀུན་ནས་བསླངས་ཏེ། ཇི་སྐད་དུ་སྩལ་བའི་ཆོས་རྣམས་གདུལ་བྱའི་ཉོན་མོངས་པའི་གཉེན་པོར་སྨིན་ཏེ་གནས་ལུགས་ཟབ་མོའི་དོན་བདེ་བླག་ཏུ་རྟོགས་པའི་རྒྱུར་གྱུར་ན་ཅི་མ་རུང་སྙམ་པའི་དགོངས་པ་བླ་ན་མེད་པ་མངའ་བ་དང༌། གདུལ་བྱའི་བསམ་པ་ཐ་དད་པའི་དབང་གིས་ཆོས་ཀྱི་རྣམ་གྲངས་རིགས་མི་འདྲ་བ་མང་པོ་འཆད་པས་ཉིན་མཚན་ཁོར་ཡུག་ཏུ་འདའ་ཞིང་བར་ཆད་པ་མེད་པ་དང༌། ལོ་ཟླ་ལ་སོགས་པ་སྦྲེལ་བས་ཧ་ཅང་རྒྱུན་རིང་དུ་གྱུར་པ་རྣམས་ལ་ཐུགས་སྐྱོ་བ་དང་དུབ་པ་མེད་པར་བཟོད་པ་ཆེན་པོའི་གོ་ཆ་དང་ལྡན་ཞིང༌། གཞན་གྱིས་དྲིས་པ་དང་རྩོད་པ་བཟོད་ཅིང་སྤོབས་པ་ཐོགས་པ་མེད་པས་དེ་དག་ལ་ལུང་རིགས་དང་མི་འགལ་བའི་ལན་ལེགས་པར་བཏབ་སྟེ་གདུལ་བྱའི་ཐེ་ཚོམ་གྱི་དྲྭ་བ་མ་ལུས་པ་གཅོད་པར་ནུས་པ་དང༌། ཆོས་དང་གང་ཟག་ལ་སྡང་བའི་སྐྱེ་བོ་ཕྱོགས་འཛིན་ཅན་དག་གི་ལོག་སྒྲུབ་ལ་འཁོན་འཛིན་མེད་པར་བཟོད་པའི་སྟོབས་