[A:༥༩༡]པོས་ཕྱོགས་མ་ལུས་པ་རལ་བ་ཙམ་དུ་གྱུར་ཏོ། །ཕྲིན་ལས་གྲིབ་བསིལ་རིང་པོའི་ཆབ་འོག་ཏུ། །སྐྱེ་རྒུ་ངལ་འཚོ་ཐོབ་པའི་མགོན་པོ་དེས། །ཞབས་སོར་ཆུ་སྐྱེས་བཀོད་པའི་རྡུལ་ཕྲེང་ཡང༌། །ཅོད་པན་ཉིད་དུ་སྤྱི་བོར་འཆིང་བར་བྱེད། །དེ་སྙམ་ཀུན་རྟོག་པིར་གྱིས་ཡིད་ལ་ནི། །རིང་ནས་བཀྲ་བའི་རི་མོ་སྒྲུབ་པ་བཞིན། །དུས་འདིར་ཆོས་ཀྱི་ཁྲི་ལ་དབང་བསྒྱུར་བའི། །སྐལ་བཟང་འཁྲི་ཤིང་གསར་པ་འགྲོ་འདིས་ཐོབ། །གང་ཚེ་བཀྲ་ཤིས་སྣང་བ་བརྒྱ་ཕྲག་གིས། །འཇིག་རྟེན་ཅིག་ཅར་ཁེངས་པའི་གཏམ་གྱིས་ནི། ཡིད་ལ་ངོ་མཚར་ཐོབ་པའི་རྫོགས་ལྡན་དཔལ། །གཟུགས་ཅན་བཞིན་དུ་ལྟད་མོར་ལྷགས་པ་ལྟར། །ཤིན་ཏུ་སྙིགས་མར་གྱུར་པའི་དུས་མཐའ་འདིར། །འགྲོ་ཀུན་སྲིད་ལས་སྒྲོལ་བའི་སྙིང་སྟོབས་ཆེ། །ནམ་ཡང་ཞུམ་པ་མེད་པའི་དཔལ་རྩལ་འདིས། །ཐུབ་པའི་ཉི་མ་མ་ལུས་ཟིལ་གྱིས་མནན། །ཐུགས་རྗེའི་འོད་ཟེར་གཅིག་གིས་འཇིག་རྟེན་ཀུན། །གསལ་མཛད་རྒྱལ་བའི་ཉི་མ་དུས་མཐའ་འདིར། །འདི་ལྟར་ཤར་བའི་ལེགས་བྱས་བསྒྲུབས་གྱུར་པའི། །འགྲོ་འདིའི་བསོད་ནམས་གཏིང་མཐའ་སུ་ཡིས་རྟོགས། །ཅེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ་ལས། རྗེ་རྒྱལ་བ་གཉིས་པའི་ཆོས་ཀྱི་ཁྲི་ལ་བསྟན་པའི་བདག་པོ་ཆེན་པོར་མངའ་གསོལ་བའི་སྐབས་ཏེ་བཞི་པའོ།། །། ༈ དེ་ལྟར་རྗེ་རྒྱལ་བ་གཉིས་པའི་ཆོས་ཀྱི་ཁྲི་ལ་ཞབས་སེན་རྣམ་པར་བཀོད་པའི་སྐལ་བཟང་གི་ཉི་མ་འཇིག་རྟེན་གྱི་བླ་ན་འཆར་བ་དེ་ཉིད་ནས་བརྩམས་ཏེ་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ལ་ཆོས་ཀྱི་