R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༩༣
[A:༥༩༣]ལྷག་པར་འབར་བ་སོགས་འཆད་པ་པོའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པས་མི་འཆད་པ་དང༌། ལོག་པར་འཆད་པ་དང༌། ཐེ་ཚོམ་གྱིས་འཆད་པ་སོགས་འཆད་པའི་སྐྱོན་ཐམས་ཅད་དང་བྲལ་བའི་སྒོ་ནས་གདུལ་བྱ་ཤེས་རབ་དང་ལྡན་ཞིང་རྒྱ་ཆེན་པོ་ལ་སོགས་པ་རྣམས་ལ་རྒྱ་མཚོ་ཆེན་པོ་དང་འདྲ་བའི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་ཟབ་ཅིང་མུར་ཐུག་པ་མེད་པའི་གསུང་བཤད་འབྱམས་སུ་ཀླས་པ་སྩལ་བའི་ཆོས་ཐུན་གྱི་དབུ་སྔ་དྲོའི་དུས་ཙམ་ནས་ཚུགས་སུ་ཟིན་ཀྱང༌། སླར་ཆོས་ར་གྲོལ་བ་ན་མཚན་ཕྱེད་ཀྱི་དུས་ལས་བརྒལ་བ་འབའ་ཞིག་འབྱུང་བ་ཡིན་ལ། ཡང་སྔར་ཐོས་པས་རྒྱུད་མ་སྦྱངས་པའི་གང་ཟག་བློ་གྲོས་དམན་པ་དབང་བརྟུལ་གྱི་རིགས་ཁ་ཅིག་ལ་ནི། ཇི་སྐད་དུ། བརྡ་སྤྲོད་པ་དག་ཇི་ལྟ་བུ། །ཡི་གེའི་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་གསུངས་པ་ལྟར་ཐོག་མར་གོ་བདེ་བའི་ཕྱིར་ཉུང་ཞིང་འདུས་པའི་ངག་གིས་བརྗོད་བྱའི་དོན་ཤིན་ཏུ་རགས་པ་སྟོན་ཅིང༌། ཕྱིས་དེ་དག་ལ་གོམས་ཏེ་ཅུང་ཟད་དཔྱོད་ནུས་པར་གྱུར་པ་ན་ཚིག་དོན་ཕྲ་ཞིང་ཕྲ་བ་ནས་བསྟན་པས་བློ་གྲོས་རིམ་གྱིས་འཕེལ་ཏེ་དབང་པོ་རྟུལ་པོ་རྣམས་ཀྱང་རྣོན་པོའི་གོ་སར་ན་འཕོ་བར་མཛད་པ་ཡིན་ལ། དེ་ལས་ཀྱང་དབང་པོ་རྟུལ་ཞིང་སྔར་ཆོས་ཀྱི་རྣམ་གྲངས་ཚིག་དོན་གང་ཡང་རྣ་བར་མ་སོན་པས་ཆོས་སྐད་ཡེ་མ་ཆགས་པའི་རྨོངས་པ་གཏི་ཐུག་པ་ཁ་ཅིག་ལ་ནི་བདག་ཅག་ལྟ་བུ་ལའང་བཀའ་སྩལ་ཏེ་ཚིག་འབྲུ་རེ་རེ་ནས་སློབ་ཏུ་འཇུག་པར་གནང་བས་མཚོན། མདོར་ན་ཐབས་ཚུལ་ཇི་སྙེད་པའི་སྒོ་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་པ་ལ་ཐུགས་སྐྱོ་བ་དང་དུབ་པ་མི་མངའ་བ་སྟེ། མདོ་སྡེ་རྒྱན་ལས། རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བརྟེན་པ་དེ། །སེམས་ཅན་ཚོགས་