R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༢༩
[A:༥༢༩]དུ་གསུངས་པ་དང༌། གང་ཡང་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དུས་གསུམ་གྱི་རྡོ་རྗེའི་ཡེ་ཤེས་ལས་བྱུང་བ་དེ་རྣམས་ཀྱང༌། གསང་བ་འདུས་པའི་སློབ་དཔོན་དང་ཕྲད་ན་མཆོད་པ་བྱེད་ཅིང་ཕྱག་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་སྟོན་པ་ཡིན། བཅོམ་ལྡན་རྡོ་རྗེ་འཛིན་པ་ཡིན། །སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །ཞེས་དང༌། རྡོ་རྗེ་གུར་ལས། བླ་མ་སངས་རྒྱས་ཀུན་དང་མཉམ། །རྣམ་པར་སྣང་མཛད་མགོན་པོ་དང༌། །བླ་མ་རྡོ་རྗཻ་སེམས་དཔའ་བཞིན། །ཇི་ལྟར་ནམ་མཁའ་མཛོད་ཆེན་དང༌། །ཐུབ་པ་རྡོ་རྗེ་ཆོས་ཇི་བཞིན། །མགོན་པོ་རྟ་བདུན་རྒྱལ་པོ་ལྟར། །དེ་བཞིན་སློབ་དཔོན་རབ་ཏུ་གྲགས། །ཞེས་དང༌། གང་ཉིད་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་སུ་འཛིན། །སེམས་ཅན་ཕན་གདགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་འཛིན། །ཞེས་དང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། །གང་ཞིག་དབང་བསྐུར་སྦྱིན་བྱེད་པ། །དེ་ནི་རྡོར་སེམས་ལྟ་བུར་བལྟ། །བླ་མ་སྟོན་པ་བས་ལྷག་བལྟ། །དེ་བཞིན་རིན་ཆེན་མཉམ་པར་བལྟ། །ཞེས་དང༌། དེ་ལྟ་བུ་ཡི་མཆོད་པ་ཡིས། །འབད་དེ་བླ་མ་མཆོད་པར་བྱ། །བླ་མའི་གཟུགས་ནི་བདག་རང་ཡིན། །བདག་མཆོད་བྱས་ན་དངོས་གྲུབ་འཐོབ། །ཅེས་དང༌། དཔལ་སྡོམ་པ་འབྱུང་བ་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །