R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༣༠
[A:༥༣༠]བླ་མ་དཔལ་ལྡན་ཧེ་རུ་ཀ །ཞེས་དང༌། ཡེ་ཤེས་གྲུབ་པ་ལས་ཀྱང༌། བླ་མ་སངས་རྒྱས་ཆོས་གྱུར་ཅིང༌། །དགེ་འདུན་ཡང་ནི་དེ་ཉིད་དེ། །དེ་ཡི་དྲིན་གྱིས་ཤེས་འགྱུར་པས། །དེ་བས་དཀོན་མཆོག་གསུམ་ཡང་ཡིན། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་སོ། །དེ་ལྟར་ཡིན་པ་དེའི་ཕྱིར་གང་ཞིག་རྟོགས་ན་ཚེ་འདི་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ནུས་པའི་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྡོ་རྗེ་སློབ་དཔོན་ལ་བསྙེན་བཀུར་བ་དང་གསོལ་བ་འདེབས་པ་སོགས་བླ་མ་མཉེས་པའི་ཞལ་སྔ་ཁོ་ན་ལས་རྟོགས་པར་འགྱུར་བ་ཡིན་ཏེ། ཀྱེ་རྡོ་རྗེ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང༌། ཡེ་ཤེས་ཐིག་ལེ་ལས། དོན་དམ་པ་ཡི་རང་བཞིན་ནི། །ཡང་དག་རྟོགས་པའི་གནས་མེད་དོ། །ཐབས་ལ་སོགས་པའི་རིམ་པ་ཡིས། །བླ་མའི་ཞལ་ནས་རྙེད་པར་འགྱུར། །ཞེས་དང༌། བླ་མའི་ཞལ་སྔའི་བཀའ་དྲིན་ལས། །མཆོག་གི་གནས་ནི་རྙེད་པར་འགྱུར། །ཚེ་འདི་ཡིས་ནི་ཕྱག་རྒྱ་ཆེའི། །དངོས་གྲུབ་རྙེད་པར་ཐེ་ཚོམ་མེད། །ས་བཅུ་ཡི་ནི་དབང་ཕྱུག་དག །དེ་ཡིས་བཀའ་དྲིན་གྱིས་ནི་སླ། །དེ་བས་བླ་མ་ལས་ལྷག་གཞན། །སྟོན་པ་ཆེན་པོ་ག་ལ་ཡོད། །ཅེས་དང༌། ཕྱག་ཐིག་ལས་ཀྱང༌། བརྗོད་མེད་མི་ཟད་ཞི་བ་སྟེ། །རང་དགའ་ཉམས་མྱོང་རྣམ་པ་ཅན། །བླ་མ་ཡི་ནི་བཀའ་དྲིན་གྱིས། །ལེགས་རྒྱས་