R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༩༤
[A:༥༩༤]རབ་སྨིན་པར་བྱེད་པ་ན། །ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་སྟོང་དུའང་སྐྱོ་མི་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་དག་གི་སྐབས་སུའང་ཞུམ་པ་ལ་གཟེངས་བསྟོད། རྒོད་པ་ལ་འཁོར་བའི་ཉེས་དམིགས་ལེགས་པར་བཤད། རྨུགས་པ་རྣམས་ལ་ངོ་མཚར་གྱི་གཏམ་བཤད་ནས་ནི་ཉན་དུ་གཞུག །ཅེས་པ་ལྟར་སྐབས་སུ་བབ་པའི་གསུང་གི་གླིང་བུས་ཆོས་ཉན་པ་རྣམས་ཀྱི་བྱིང་བ་དང་རྒོད་པ་བཟློག་ཅིང་འཁོར་བ་ལས་ཡིད་ངེས་པར་འབྱུང་བ་དང༌། ཆོས་ཉན་པ་ལ་སྤྲོ་བ་བསྐྱེད་ཅིང་གཟེངས་བསྟོད་པར་ཡང་མཛད་དོ། །འཆད་པའི་ཚུལ་དེ་ལྟ་བུའི་སྒོ་ནས་གདན་ས་ཆེན་པོའི་ཆོས་ཀྱི་ཁྲི་ལ་ཕེབ་ནས་ས་མོ་ལུག་གི་ལོ་རྗེ་ཉིད་དགུང་གྲངས་སུམ་ཅུ་སོ་གཅིག་ཏུ་ཕེབ་པའི་བར་ལོ་བརྒྱད་ལ་སྟོད་སྨད་བར་གསུམ་ནས་འདུས་པའི་གདུལ་བྱ་སྐལ་བ་དང་ལྡན་པ་ཀུན་གསལ་ལམ་གྱི་སྐར་ཚོགས་ལྟ་བུར་ལྷགས་པ་རྣམས་ལ་ལོ་རེ་བཞིན་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་འཇིག་བྲལ་དཔལ་ལྡན་ཆོས་སྐྱོང་གིས་ལེགས་པར་བཀྲལ་ཞིང༌། རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་ཐུགས་ཀྱི་ཉིང་ཁུར་གྱུར་པ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཟབ་མོ་མཁའ་འགྲོའི་ཞལ་རླངས་མ་ཉམས་པའི་སྨིན་གྲོལ་གྱི་ལམ་ཡོངས་སུ་རྫོགས་པ་རྒྱབ་རྟེན་བེའུ་བུམ་རྣམས་ཀྱི་ལུང་དང་བཅས་པ་ཟབ་ཅིང་རྒྱས་པ་ཚར་རེ་སྩལ་བ་དང༌། དཔྱིད་ཀྱི་དུས་ཚིགས་གསུམ་རིམ་ཅན་གྱི་སྒོ་ནས་གདུལ་བྱ་བརྒྱ་ཕྲག་མང་པོ་བསྟན་པའི་རྩ་བ་སོ་སོར་ཐར་པའི་སྡོམ་པ་དང་ལྡན་པ་ལ་བཀོད་པས་ངུར་སྨྲིག་རྒྱལ་མཚན་འཛིན་པའི་མདངས་ཀྱིས་ནམ་མཁའི་ཁ་དོག་ཀྱང་འགྱུར་བ་ཙམ་དུ་མཛད་པ་དང༌། དེར་ཡང་མ་ཟད་དུས་ངེས་པ་མེད་པར་སོ་སོའི་བསམ་པའི་བྱེ་བྲག་གིས་རང་རང་གི་མོས་པ་དང་མཐུན་པར་ཆོས་ཀྱི་འཁོར་ལོ་སྣ་ཚོགས་པ་བསྐོར་བར་གསོལ་བ་འདེབས་པའི་གདུལ་བྱ་སྐལ་བ་དང་ལྡན་