R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༩༥
[A:༥༩༥]པ་བགྲང་དུ་མེད་པ་ཞིག་བྱུང་སྟེ། དེ་རྣམས་ཀྱི་ཁམས་དང༌། བསམ་པ་དང༌། བག་ལ་ཉལ་གྱི་རིམ་པ་དང་མཚུངས་པར་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་ཞིག་སྩལ་བར་མཛད་དེ། དེ་དག་གི་ཚུལ་རྣམས་ཀྱང་རིམ་བཞིན་འོག་ཏུ་བརྗོད་པར་འགྱུར་ལ། སེང་ཁྲིར་ཕེབ་པའི་ཕྱི་ལོའི་ཧོར་ཟླ་ལྔ་པའི་ནང་ཙམ་ན་ས་ལ་སྤྱོད་པའི་འོག་མིན་གཉིས་པ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་ཁྲི་མཇལ་ལ་ཕེབ་སྟེ། བདག་ཆེན་ཁྲི་ཐོག་པ་ངག་གི་དབང་ཕྱུག་ཐེག་མཆོག་བཀྲ་ཤིས་རིན་ཆེན་དཔལ་བཟང་པོའི་དྲུང་དུ་མགོན་པོ་ཚེ་དཔག་ཏུ་མེད་པའི་སྣང་བརྙན་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་རྟེན་དང༌། རི་རབ་ལྷུན་པོ་ལ་སོགས་པ་གླིང་བཞི་གླིང་ཕྲན་གྱི་བཀོད་པས་ཡོངས་སུ་གཏམས་པའི་རིན་པོ་ཆེའི་མཎྜལ། བཀྲ་ཤིས་པའི་ལྷ་རེག་དཀར་པོ་ཟླ་བའི་འོད་ཀྱིས་བསྒོས་པ་ལྟ་བུས་ཐོག་དྲངས་སྲིད་ན་རིན་ཐང་ཆེ་བའི་དར་ཟབ་ཀྱི་རིགས་སྣ་ཚོགས་པའི་ཚན་གྲངས་མང་པོ། མཐོ་རིས་ལྷའི་བསོད་ནམས་སུ་འཁྲུངས་པའི་དཔག་བསམ་རྐང་འཐུང་ལ་འགྲན་པར་ནུས་པའི་མ་ཧཱ་ཙི་ནའི་ལྗོན་འདབ་འཁོར་དྲུག་བཅོ་ལྔ། རིན་ཆེན་གཉིས་པ་སྲང་ལྔ་བཅུ་ཐམ་པ། ཤིན་ཏུ་བརླིང་ཞིང་འགྲོས་དང་ལྡན་པའི་རྟ་མཆོག་གཉིས་དང་བཅས་པའི་དངོས་འབུལ་གཏོས་ཆེ་བ་དང༌། གཞན་ཡང་ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག་དང༌། གདུང་སྲས་རིན་ཆེན་རྣམ་གཉིས་སོགས་སྐུ་སྒེར་སོ་སོར་འབུལ་བ་ཟབ་རྒྱས་དང༌། ཆོས་སྡེ་ལྷོ་བྱང་གི་ལྷ་ཁང་ཁག་རྣམས་སུ་བཞུགས་པའི་རྟེན་གསུམ་ངོ་མཚར་ཅན་བྱིན་རླབས་ཀྱི་གཟི་འོད་འབར་བ་རྣམས་ཀྱི་དྲུང་དུ་མཆོད་པའི་ཁྱད་པར་ཤིན་ཏུ་རྒྱ་ཆེ་བ་དང༌། སྤྲུལ་པའི་ལྷ་ཁང་ཆེན་མོར་དགེ་འདུན་འདུས་པ་རྒྱ་མཚོར་མང་ཇ་གྲལ་འགྱེད་དང་བཅས་པས་མཚོན། མདོར་ན་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་དང་མཚུངས་པའི་མཆོད་པའི་སྤྲིན་ཆེན་པོ་རྒྱས་པར་དཀྲིགས་