R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༩༦
[A:༥༩༦]པའི་སྒོ་ནས་སྤྱི་དང་བྱེ་བྲག་གི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་བརྟན་ཅིང་ཐུགས་ཀྱི་བཞེད་དོན་འགྲུབ་པ། འཇིག་རྟེན་གྱི་ཁམས་ན་མི་ནད་དང་ཕྱུགས་ནད་ལ་སོགས་པ་ཉེར་འཚེའི་རིགས་ཐམས་ཅད་མི་འབྱུང་ཞིང་རྫོགས་ལྡན་ཉི་གཞོན་གསར་པའི་དགའ་སྟོན་སླར་ཡང་འཆར་བའི་ཐུགས་བསྐྱེད་སྨོན་ལམ་ནན་ཏན་ཆེན་པོས་མཛད་དོ། །དེ་སྐབས་པདྨ་བདུད་འདུལ་དབང་ཕྱུག་ལས་མགོན་པོ་ཁྲོ་བཅུའི་རྗེས་གནང༌། ངག་དབང་ཀུན་དགའ་རིན་ཆེན་ལས་གུར་དྲག་གི་དབང༌། ཁྲི་ཆེན་བཀྲ་ཤིས་རིན་ཆེན་ལས་ཡང་ཕུར་གཉིས་ཀྱི་དབང་སོགས་བཀའ་ཆོས་མང་དུ་གསན། དེ་སྐོར་གྱི་ཐུགས་བྲེལ་རྣམས་ཆོད་མཚམས་ཁའུ་ཆུ་ཚན་དུ་ཕེབ་སྟེ་སྐུའི་འཕྲོད་གཞེས་ཀྱི་ཆབ་ཚན་ཞག་བདུན་ཕྲག་ཙམ་མཛད་རྗེས་ཁའུ་བྲག་རྫོང་དང༌། བྱས་འགྱུར་སོགས་ཀྱི་གནས་མཇལ་ཞིབ་པར་མཛད། དེ་ནས་རིམ་པར་ཕེབ་སྟེ་འདུས་པ་རྒྱ་མཚོའི་སེར་སྦྲེང་གིས་བསུ་བའི་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་དཔལ་ཨེ་ཝྃ་ཆོས་ལྡན་དུ་ཕེབ། འཇམ་མགོན་བཀའ་འགྱུར་བ་ཆེན་པོའི་དྲུང་ནས་དཔལ་རྡོ་རྗེ་འཇིགས་བྱེད་སྐྱོ་ལུགས་རྭ་རྩེ་སེམས་འཛིན་གྱི་བཀའ་ཁྲིད་སོགས་ཟབ་ཆོས་མང་དུ་གསན། གཞན་ཡང་རྒྱུད་སྡེ་ཆེན་པོ་འགའ་ཞིག་གི་ཕྱག་ལེན་སོགས་ལ་དོགས་གཅོད་དང༌། མཆོད་རྟེན་དང་དཀྱིལ་འཁོར་ལ་སོགས་པའི་ཐྀག་རྩ་བཀའ་ཁྲིད་ཞུས་ཏེ་གསན་སྦྱང་དཔྱིས་ཕྱིན་པར་མཛད། ལྷག་པར་དགུང་གྲངས་ཉེར་ལྔར་ཕེབ་པ་ཆུ་མོ་གླང་གི་ལོའི་ཧོར་ཟླ་དྲུག་པའི་ནང་ཚེ་མཚམས་རིན་པོ་ཆེ་བསོད་ནམས་བཟང་པོས་གསོལ་བ་བཏབ་པར་ཐུགས་རྗེ་ཆེན་པོ་ཚེམས་བུ་ལུགས་ཀྱི་དམར་ཁྲིད་དང༌། ངོར་ཆེན་རྡོ་རྗེ་འཆང་གི་བཀའ་འབུམ་པོད་བཞིའི་ལྗགས་ལུང་བཅས་སྩལ། ཤིང་སྟག་ལོའི་དཔྱིད་