R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༩༧
[A:༥༩༧]ཀར་ཕན་ཁང་ཞབས་དྲུང་རིན་པོ་ཆེ་དཔལ་ལྡན་བློ་གྲོས་རྒྱལ་མཚན་གྱིས་དབུས་དོན་གཉེར་རྣམས་ལ་ཀྱེ་རྡོ་རྗཻ་བཀའ་བབས་བཞིའི་དབང༌། སྒྲུབ་ཐབས་བརྒྱ་རྩ་དང༌། སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་རྒྱ་གཞུང་གི་ལུང་བཅས། སྣར་ཐང་བརྒྱ་རྩ། འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང༌། གཤེད་དམར་སྤྲོས་མེད་ཀྱི་ཁྲིད་བཅས་དང༌། དེའི་སྟོན་ཀར་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་ལུང་བཅས་གནང༌། ལོ་དེར་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་དང༌། ཁྱབ་བདག་འཇམ་པའི་རྡོ་རྗཻ་མཁན་ཆེན་རྡོ་རྗེ་འཆང་འདི་ཉིད་ཀྱིས་དབུ་མཛད་པའི་སྡེ་སྣོད་འཛིན་པ་བཅུ་ཕྲག་ཙམ་གྱིས་དཔལ་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་གནས་ཤིན་ཏུ་རྒྱས་པར་མཛད་དེ། གཡབ་ཆེན་དུ་གྲགས་པ་སོགས་གསར་དུ་ཉམས་གསོ་མཛད་པ་རྣམས་ཀྱིས་གཙོས་རྟེན་དང་བརྟེན་པར་བཅས་པའི་ཚོགས་རྣམས་དམ་ཚིག་པ་བསྐྱེད་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་བཅུག་སྟེ་དབྱེར་མེད་དུ་བྱིན་གྱིས་བརླབས་པ་ཉིད་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་སུ་མངའ་གསོལ་ཏེ་བྱིན་རླབས་ཀྱི་གཟི་འོད་འབར་བར་བཞུགས་སུ་གསོལ་ཞིང༌། སྐབས་དེའི་ཚེ་རྗེ་འདི་ཉིད་ཀྱིས་ཕུན་སུམ་ཚོགས་པ་ལྔ་ལས་བརྩམས་པའི་འབེལ་གཏམ་གྱིས་མཁས་པ་རྣམས་ཀྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོགས་པར་མཛད་དོ། །གཞན་ཡང་ལོ་འདི་དག་གི་སྐབས་བགྲང་བྱ་གཉིས་ཙམ་གྱི་བར་དུ་རྡོ་རྗེ་འཆང་གི་གཟིམས་ཆུང་ལམ་ཟབ་ལྷ་ཁང་དང༌། དབང་ཁང་དང༌། གཡབ་ཆེན་དུ་གྲགས་པ་རྣམས་ན་བླ་མ་གོང་མའི་ཕྱག་དཔེའི་གྲས་པུསྟ་ཀཿཉིས་སྟོང་གི་གྲངས་ལས་བརྒལ་བ་བཞུགས་པ། བར་སྐབས་ཤིག་ནས་བག་མེད་ཀྱི་དབང་གིས་དོ་དམ་བྱེད་མཁན་མ་བྱུང་བར་ཡུན་རིང་དུ་སོང་བའི་རྐྱེན་གྱིས་གླེགས་ཤིང་དང་གླེགས་ཐག་ཕལ་