R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༩༨
[A:༥༩༨]ཆེར་འཐོར་ནས་ཕྱག་དཔེ་རྣམས་ཀྱང་སའི་སྟེང་ན་ཐང་མར་བརྡལ་བས་པུསྟི་ཕན་ཚུན་འཛིངས་ཏེ་ཆོས་ཀྱི་རྣམ་གྲངས་འདི་ཡིན་དང༌། ཚང་མ་ཚང་གི་དབྱེ་བ་ཙམ་ཡང་ཤེས་དཀའ་བར་གྱུར་པ་ན། རྗེ་འདི་ཉིད་སྡེ་སྣོད་འཛིན་པ་དུ་མའི་འཁོར་དང་བཅས་པས་ལྡེབ་གྲངས་རེ་རེ་ནས་བསྒྲིགས་ཏེ་ཆད་པ་དང༌། རལ་པ་དང༌། མ་ཚང་བ་ལ་སོགས་པ་ཐམས་ཅད་རྩ་བ་ནས་གསོས། བཀའ་དང་བསྟན་བཅོས་ཀྱི་རིགས་རྣམས་མ་འདྲེས་པར་སོ་སོར་ཕྱེས། དེ་དག་ཀྱང་ཐེག་པ་ཆེ་ཆུང་དང་རྒྱུད་སྡེ་བཞིའི་གོ་རིམ་ལྟར་ཚུལ་བཞིན་དུ་བསྒྲིགས་ཏེ། དར་དང་རས་ལ་སོགས་པའི་ན་བཟའ་མང་པོས་ལེགས་པར་དྲིལ་ཞིང༌། གླེགས་ཤིང་དང༌། སྐུ་རེགས་དང༌། གདོང་དར་ལ་སོགས་པའི་ཞབས་ཏོག་ཚུལ་བཞིན་ཕུལ་ནས། པུསྟི་རྣམས་ཤིན་ཏུ་མཐོ་ཞིང་མཛེས་པའི་ཁྲིའི་སྟེང་དུ་སྤྱན་དྲངས་ཏེ། མཆོད་པ་སྣ་ཚོགས་པ་དང་བཅས་བཞུགས་སུ་གསོལ་བ་དང༌། དེ་དག་གི་དཀར་ཆག་ཀྱང་བཀོད་པར་མཛད་དོ། །དེ་ནས་ཤིང་ཡོས་ལོར་དཔལ་ཞྭ་ལུ་རི་སྦུགས་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་རྩོད་དུས་ཀྱི་ཀུན་མཁྱེན་བུ་སྟོན་གཉིས་པ་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་གི་དྲུང་དུ་བསྙེན་ཏེ། དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ནས་བསྟན་པའི་དཀྱིལ་འཁོར་བཅུ་གཉིས་དང༌། རྡོར་དབྱིངས། དོན་ཞགས་བཅས་ཀྱི་དབང༌། བུ་སྟོན་རིན་པོ་ཆེའི་བཀའ་འབུམ་ཕལ་ཆེར། རྗེ་དེ་ཉིད་ཀྱི་བཀའ་འབུམ་སོགས་ཆོས་ཀྱི་རྣམ་གྲངས་མང་དུ་གསན་ནོ། །མེ་འབྲུག་ལོ་མཚམས་པ་ཀུན་དགའ་བསོད་ནམས་ཀྱིས་ཞུས་པའི་ངོར་འཕགས་པ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་བཀའ་དབང་དང༌། གྲུབ་པའི་དབང་ཕྱུག་གཉན་ཚེམས་བུ་པའི་ལུགས་འཕགས་པ་སྤྱན་རས་གཟིགས་ཀྱི་དམར་ཁྲིད་སོགས་བཀའ་ཆོས་མང་དུ་སྩལ། ལོ་དེར་མཁན་པོ་དགོངས་ཞུས་ནན་ཏན་མཛད་