R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༩༩
[A:༥༩༩]པའི་ཚབ་ཀླུ་ལྡིངས་ཞབས་དྲུང་རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་ཕུན་ཚོགས་པ་ས་གཞུང་ནས་བསྐོས་བཞག་དང༌། ཀླུ་ལྡིངས་པ་ཕྱག་རྫས་ཉག་ཕྲ་བས་ལས་འཛིན་ཕན་ཁང་དང༌། ཁང་གསར་པ་གཉིས་ནས་བྱ་རྒྱུ་ཀྲིག་ཆོད་ཟིན་ཡང༌། ཀླུ་ལྡིངས་ཞབས་དྲུང་རིན་པོ་ཆེ་ཐུགས་འདུན་མེད་སྟབས་ཀོང་ཡུལ་དུ་ཕེབ་གཤིས། སླར་ཡང་ངོར་པ་སྤྱི་བྱེས་གསོལ་བ་བཏབ་པ་ལ་བརྟེན་མཁན་པོ་ཞལ་འཛིན་ལོ་ཤས་མཛད་རྒྱུའི་ཞལ་བཞེས་གནང༌། དེ་ནས་དགུང་གྲངས་ཉེར་དགུར་ཕེབས་པ་མེ་མོ་སྦྲུལ་གྱི་ལོ་ཤར་བ་ན་བྱང་ཕྱོགས་བོད་ཀྱི་རྒྱལ་པོ་གནམ་བསྐོས་དགའ་ལྡན་ཕོ་བྲང་བ་ཆེན་པོས། བདག་ཅག་གི་སྟོན་པ་ཁམས་གསུམ་གྱི་མགོན་པོ་མཁན་ཆེན་རྡོ་རྗེ་འཆང་ཁུ་དབོན་འདི་དག་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་ཡོན་ཏན་གྱི་ཕུང་པོ་ཆེན་པོར་གཟིགས་ཏེ། ལྷ་རྫས་ཀྱི་ན་བཟའ་ལ་སོགས་པ་ཆེན་པོར་འོས་པའི་ཡོ་བྱད་དུ་མས་ཞབས་ཀྱི་པདྨོར་མངོན་པར་མཆོད་པ་དང་ཆབ་ཅིག་ཤ་ཛི་ནི་ཐིག་ཐི་གུ་ཆི་མཁན་པོ་ཞེས་པའི་མཚན་དང་ཐམ་ག་ཆེ་ཆུང་ལ་སོགས་པ་སྩལ་ནས། འཛམ་གླིང་བྱང་ཕྱོགས་གངས་རིའི་ར་བས་བསྐོར་བའི་ལྗོངས་ན་འཁོད་པའི་སྐྱེ་འགྲོ་ཐམས་ཅད་ཀྱི་འདྲེན་པ་དམ་པར་མངའ་གསོལ་བའི་དགེ་མཚན་ལྷུན་གྱིས་གྲུབ་པ་རང་བྱུང་བར་གྱུར་ཏོ། །འདི་ནི་ཆོས་ཉིད་ཡིན་ཏེ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་སྐུ་བརྙེས་ཏེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ལ་མངའ་མཛད་པ་དེའི་ཚེ་ན་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཆེ་རྒུ་ཐམས་ཅད་གཅིག་ཏུ་འདུས་ཏེ་མཆོད་པའི་རྣམ་གྲངས་མཐའ་ཡས་པས་མཆོད་པར་གསུངས་པ་ལྟ་བུ་སྟེ། དཔལ་སམྦུ་ཊའི་རྒྱུད་ལས། གང་དུ་རིག་མའི་སྐྱེས་བུ་གྲུབ་པ་དེར་འདི་ལྟ་བུའི་ཕུན་སུམ་ཚོགས་པ་འབྱུང་སྟེ། ཞེས་སོགས་ནས། ཚངས་