[A:༦༠༠]པ་དང༌། ཁྱབ་འཇུག་དང༌། ཆུ་བདག་དང༌། བརྒྱ་བྱིན་དང༌། དྲག་པོ་དང༌། མེ་ལྷ་དང༌། སྟོབས་བཟང་དང༌། ཉི་མ་དང༌། ཟླ་བ་དང༌། གནོད་སྦྱིན་དང༌། གྲུབ་པ་དང༌། དྲི་ཟ་དང༌། མིའམ་ཅི་དང༌། ལྟོ་འཕྱེ་དང༌། ལྷའི་མཆོག་དང༌། རིག་པ་འཛིན་པ་དང༌། ཆུ་བྱུང་ལ་སོགས་པ་དང༌། གང་ཞིག་གཞན་ཡང་སུམ་ཅུ་རྩ་གསུམ་དུ་གནས་པའི་ལྷ་རྣམས་དེར་འོངས་ནས་ཡང་དག་པའི་མེ་ཏོག་གིས་མཆོད་པར་བྱེད་དོ། །ཞེས་སོགས་དང༌། གཞན་ཡང་ཁྱོད་ལ་རྒྱས་པར་བཤད་པའི་ཚུལ་འདི་ཅི་ཞིག་དགོས་ཏེ། བསྒྲུབས་པའི་བསོད་ནམས་ཀྱིས་ཁམས་གསུམ་དུ་སྐྱེས་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱེད་དོ། །ཞེས་བྱ་བའི་བར་དུ་གསུངས་པ་ལྟར་རོ། །དགུང་གྲངས་སུམ་ཅུར་ཕེབས་པ་ས་ཕོ་རྟའི་ལོའི་ཟླ་བ་བཞི་པའི་ནང་ལམ་འབྲས་ལྷ་ཁང་དང༌། དངུལ་གདུང་ལྷ་ཁང༌། ཕྱི་རྟེན་བདེ་གཤེགས་མཆོད་རྟེན་བརྒྱད་སོགས་ཉམས་གསོ་ཕུལ་དུ་ཕྱིན་པ་གྲུབ་པ་རྣམས་ལ་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེ་རྡོ་རྗེའི་རྩ་བཤད་ཀྱི་རྒྱུད་རྣམས་ནས་བསྟན་པའི་བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེ་ལྷ་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་བཞེངས་ཏེ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་སོགས་སྔོན་དུ་འགྲོ་བས་རབ་ཏུ་གནས་པའི་ཆོ་ག་ཤིན་ཏུ་རྒྱས་པའི་སྒོ་ནས་རྟེན་དང་བརྟེན་པར་བཅས་པའི་ཚོགས་རྣམས་ཡེ་ཤེས་པ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་ཏེ། སེམས་ཅན་གྱི་དོན་དཔག་ཏུ་མེད་པར་མཛད་ཅིང་བརྟན་པར་བཞུགས་སུ་གསོལ་བ་དང་ཆབ་ཅིག་བཟང་པོ་དྲུག་ལྡན་གྱི་རབ་ཏུ་གནས་པའི་གསུང་བཤད་ཤིན་ཏུ་རྒྱས་པས་དཔྱོད་ལྡན་ཐམས་ཅད་ཀྱི་ཡིད་རབ་ཏུ་འཕྲོགས་པར་མཛད་ཅིང༌། སྐབས་དེར་རབ་གནས་ཀྱི་རྣམ་བཤད་ངོ་མཚར་བའང་མཛད། ལོ་དེའི་ཟླ་བ་བདུན་པའི་ཚེས་བརྒྱད་ལ་དཔལ་ཞྭ་ལུ་རི་སྦུགས་སུ་ཕེབ། རྡོ་རྗེ་འཆང་བློ་གསལ་བསྟན་སྐྱོང་དྲུང་ནས་