[A:༦༠༡]རྣམ་སྣང་མངོན་བྱང་དང༌། བདེ་མཆོག་པདྨ་དྲྭ་བ་སོགས་ཀྱི་དབང་དང༌། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་སོགས་ཟླ་བ་གཅིག་གི་བར་དུ་བཀའ་ཆོས་བསམ་གྱིས་མི་ཁྱབ་པ་གསན། ཕར་ཡང་ཀྱེ་རྡོ་རྗེའི་རྒྱུ་དབང་དང༌། ལམ་དབང༌། ལམ་འབྲས་སློབ་བཤད་ཀྱི་ཆ་ལག་སྐོར་གྱི་བྱིན་རླབས་ཡོངས་སུ་རྫོགས་པ་སོགས་མང་དུ་ཕུལ། དེ་སྐབས་བླ་མ་དང་དབུ་ཆོས་སོགས་ཞྭ་ལུ་རི་མཐིལ་གྱི་དགེ་སློང་འགའ་ཞིག་ལ་དབྱངས་ཅན་དཀར་དམར་གྱི་རྗེས་གནང་དང༌། ཚེ་དབང་སོགས་མང་དུ་སྩལ་ཞིང་སླར་ངོར་དུ་ཕེབ། དཔོན་སློབ་ནམ་མཁའ་རྒྱལ་མཚན་གྱིས་ཞུས་པའི་ངོར་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་བཀའ་དབང་ཟབ་རྒྱས་སུ་སྩལ་བར་མཛད། ས་མོ་ལུག་གི་ལོ་ཤར་བ་དགུང་གྲངས་སོ་གཅིག་པའི་དཔྱིད་ཀར་ཁང་སར་ཞབས་དྲུང་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་ཞུས་པའི་ངོར། རྒྱལ་རྩེ་གུར་པ་མཁན་པོར་མཁས་བཙུན་སྦྱིན་པ་རིན་ཆེན། དཔོན་སློབ་ནམ་མཁའ་རྒྱལ་མཚན། མངའ་རིའི་བླ་མ་ཀུན་དགའ་འཇམ་དབྱངས་སོགས་དོན་གཉེར་བཅུ་བདུན་སྐོར་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཟབ་མོ་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ་གསང་ཆེན་སློབ་བཤད་ཟབ་མོར་གྲགས་པའི་སྨིན་གྲོལ་ཡོངས་སུ་རྫོགས་པ་ཤིན་ཏུ་རྒྱས་པར་སྩལ། གཞན་ཡང་སྒྲུབ་ཐབས་བརྒྱ་རྒྱམ་དང༌། རྣམ་སྲས་རིགས་ཆེན་བཅོ་ལྔའི་རྗེས་གནང༌། འཇམ་མགོན་བཀའ་འགྱུར་བ་ཆེན་པོའི་བཀའ་འབུམ་གྱི་ལུང་སོགས་བཀའ་ཆོས་མཐའ་ཡས་པ་ཞིག་སྩལ། ཚུར་ཡང་མངའ་རི་བླ་མ་ཀུན་དགའ་འཇམ་དབྱངས་དྲུང་ནས་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་བྱོན་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བཀའ་དབང་གསན་པར་མཛད། ལྷག་པར་ལོ་དེའི་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ནས་འདུལ་བའི་སྡེ་སྣོད་རིན་