R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༠༤
[A:༦༠༤]གི་བླ་མ་ཡོན་ཏན་མ་ལུས་པའི་ཕུང་པོར་གྱུར་པ་འདི་ཉིད་ཁོ་ནའི་ཐུགས་བསྐྱེད་དང་ཕྲིན་ལས་ལས་བྱུང་བའོ། །གདན་སའི་ཞལ་འཛིན་མཛད་པའི་སྐབས་འདི་དག་རྣམས་སུ་ཨེ་ཝྃ་བླ་བྲང་གི་སྤར་ཁང་རྣམས་སུ་ཚོགས་འདོན་གྱི་རིགས་གཙོ་བོར་གྱུར་པའི་སྤར་རྙིང་ཤིན་ཏུ་མང་བར་བཞུགས་པ་རྣམས་འགྲོ་དོན་ཡུན་རིང་བའི་དབང་གིས་ཡི་གེ་ཕལ་ཆེར་མི་གསལ་བར་གྱུར་པ་རྣམས་རྗེ་རིན་པོ་ཆེ་རང་ཉིད་ཀྱིས་ཡོ་བྱད་སྦྱར་བ་དང༌། འགའ་ཞིག་ནི་གཞན་དག་གི་རྒྱུད་ལ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་སྤེལ་བར་བཞེད་པས་དགེ་བསྐུལ་འབྱམས་ཀླས་སུ་སྩལ་ནས་བསྐྱར་བརྐོས་ཀྱིས་གཅིག་ལས་གྲངས་མེད་པར་འཕེལ་བའི་མིག་འཕྲུལ་དུ་གྱུར་པའི་ཕྱི་མོ་བླ་ན་མེད་པར་བསྐྲུན་པར་མཛད། དེར་མ་ཟད་རྗེ་རིན་པོ་ཆེ་ཁུ་དཔོན་འདི་དག་གི་ཐུགས་ཀྱི་བཞེད་པ་གཅིག་ཏུ་དྲིལ་ཞིང་བཀའ་ལུང་ཟབ་ཅིང་རྒྱས་པས་ཁྱབ་པར་མཛད་པའི་རྒྱུ་དང༌། མཛོད་པ་ནོར་ལྡན་ཤེས་རབ་བཟང་པོ་སོགས་ཕྲིན་ལས་ཀྱི་ཁ་ལོ་སྒྱུར་བ་རྣམས་ཀྱིས་དཀའ་བ་དང་དུ་ལེན་པའི་རྐྱེན་ཚོགས་པས་ཆེད་དུ་བསྐུལ་ཏེ། ཨེ་ཝྃ་པའི་བླ་ཁག་ཐམས་ཅད་ཐུགས་བརྩེ་གཅིག་ཏུ་མཐུན་ཞིང་ཕན་ཚུན་སྦྲེལ་བའི་སྒོ་ནས་སྔ་ཕྱིར་ཨེ་ཝྃ་བླ་བྲང་གཞུང་གི་གཡབ་ཆེན་དང༌། ལམ་འབྲས་ལྷ་ཁང༌། དངུལ་གདུང་ལྷ་ཁང་སྟེང་ཤོད། ཕྱི་རྟེན་བདེ་བཤེགས་མཆོད་རྟེན་བརྒྱད་དང་བཅས་པ་ལ་ཉམས་གསོ་དཔེ་ཟླ་མེད་པ་ཀུན་གྱི་མིག་གི་དགའ་སྟོན་དུ་ལྷུན་གྱིས་གྲུབ་པ་འདི་ཡིན་ལ། དེ་དག་གི་གཡབ་ཆེན་ཉམས་གསོས་སྐབས་བོད་དངུལ་རྡོ་ཚད་སུམ་ཅུ་སྐོར་དང༌། མཆོད་རྟེན་ཉམས་གསོས་དུས་ཊྃ་སྲང་བརྒྱ་བཅས་ཐར་རྩེ་སྒེར་རང་ནས་ཞལ་འདེབས་མཛད་པ་དང༌། ཡང་བླ་ཁག་སྤྱི་ནས་ཚོགས་ཁྲོ་གཉིས་ལ་ཉམས་གསོས་དང༌། གཉིས་གསར་བཟོས་མཛད་སྐབས་ཐར་རྩེ་སྒེར་རང་ནས་བོད་དངུལ་རྡོ་ཚད་བཅོ་བརྒྱད་ཙམ་གྱི་འགྲོ་སྒོ་བགྱིས་པའི་ཚོགས་