R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༠༣
[A:༦༠༣]གནས་བརྟན་ཆོ་ག །མཎྜལ་བཞི་ཆོག །ཡན་ལག་བདུན་པའི་ཆོ་ག །རྣམ་རྒྱལ་སྟོང་མཆོད་སོགས་ཉིན་གྲངས་དུ་མའི་བར་དུ་མཛད་པ་ལ། ཉིན་རེ་བཞིན་སྤོས། མར་མེ། ཞལ་ཟས་སོགས་བརྒྱ་ཕྲག་རེས་གཙོས་མཆོད་པའི་རྣམ་གྲངས་མང་པོ་དང༌། དགེ་འདུན་རྣམས་ལ་གསོལ་ཆས་ཀྱི་ཞབས་ཏོག །ཕྱག་འགྱེད་ཕུན་སུམ་ཚོགས་པ་བཅས་རྗེ་རིན་པོ་ཆེ་ཉིད་ནས་སྩལ་བ་དང༌། ལྷག་པར་གཞི་གསུམ་གྱི་ཆོ་གའི་ཕྱག་སྲོལ་བཟང་པོ་འདི་ཉིད་ཇི་སྲིད་འཇིག་རྟེན་གྱི་ཁམས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཚོ་ཞིང་གཞེས་པ་དེ་སྲིད་དུ་མི་ཉམས་པར་རྒྱུན་ཆགས་སུ་གནས་པའི་རྟེན་དུ་ཊྃ་བརྒྱད་བརྒྱ་སྐོར་སྦྱོར་འཇགས་སུ་སྩལ་ཞིང༌། དེ་ཕྱིན་དབྱར་གནས་སྐབས་མཆོད་འབུལ་ཟབ་རྒྱས་དང་འབྲེལ་བར་བླ་མ་མཆོད་པའི་ཆོ་ག་དང༌། གནས་བརྟན་ཕྱག་མཆོད་སོགས་ཉིན་བདུན་རེ་ཙམ་བཙུགས་ཏེ་དབྱར་བཞུགས་ཀྱི་དགེ་འདུན་ཇི་སྙེད་པ་ལ་བསྙེན་བཀུར་བླ་ན་མེད་པའི་རྟེན་གཞག་ཕོན་ཆེར་མཛད་པ་ལ་བརྟེན་ཕྱི་ནས་ཀྱང་རིམ་གྱིས་དར་རྒྱས་སུ་གྱུར་ཏེ། དེང་སང་གི་སྐབས་འདིར་བློ་གསལ་རིགས་པ་སྨྲ་བ་འགའ་ཞིག་ནི་སྡོམ་པ་གསུམ་གྱི་བསྟན་བཅོས་སྤྱི་དང༌། རབ་འབྱམས་འདུལ་བ་རྒྱ་མཚོའི་གཞུང་ལ་བློ་གྲོས་ཀྱི་གསལ་སྣང་ཅུང་ཟད་ཐོབ་སྟེ། ལྷག་པར་ཐོས་བསམ་དང་ལྟ་རྟོག་བྱ་བར་སེམས་པ་དང༌། ཕལ་ཆེར་ཀྱང་སྣམ་སྦྱར་དང༌། ལྷུང་བཟེད་སོགས་དགེ་སློང་གི་འཚོ་བའི་ཡོ་བྱད་རྣམས་རྒྱུ་མཚན་དང་བཅས་པ་ཤེས་ཤིང་འཆང་བ་དང༌། དེས་མཚོན་ནས་དགག་སྒྲུབ་གནང་གསུམ་གྱི་བསླབ་བྱ་དག་ཀྱང་ཅི་རིགས་པར་ངོ་ཤེས་ཏེ་སྲུང་སྡོམ་ཚུལ་བཞིན་བགྱིད་པ་ལ་བརྩོན་པར་གྱུར་པ་བཅས། མདོར་ན་སྟོན་དང་བསྟན་པ་གཉིས་ཀྱི་བདག་ཉིད་འདུལ་བའི་བསྟན་པ་རིན་པོ་ཆེ་དུས་ཐམས་ཅད་དུ་དར་ཞིང་རྒྱས་པ་འདི་ནི་བདག་ཅག་