R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༠༥
[A:༦༠༥]ཁྲོ་ཤིན་ཏུ་ལེགས་པ་གཅིག་སྦྱོར་འཇགས་དང་ཆབ་ཅིག་དཀོན་མཆོག་གི་རྟེན་ལ་རྣམ་ལྔའི་བརྒྱ་མཆོད་དང༌། གོས་ཆེན་གྱི་བླ་བྲེ་ངོ་མཚར་བ་ཕུལ་ཐོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གྱ་ནོམ་པ་བསྟབས་ཏེ་བླ་མ་མཆོད་པའི་ཆོ་ག་བཙུགས་པ་སོགས་མཛད་དོ། །གཞན་ཡང་རྒྱལ་བས་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་ཆེན་རྟ་པ་ཟླ་བའི་ནང་དང༌། ཟླ་བ་བྱུང་ངོ་ཅོག་གི་ཉ་སྟོང་བརྒྱད་གསུམ་ཕལ་ཆེ་བ་ལ་ལམ་འབྲས་ལྷ་ཁང་སོགས་བླ་བྲང་སྟེང་ཤོད་ཀྱི་ལྷ་ཁང་རྣམས་སུ་སྤོས་དང༌། མར་མེ། ཞལ་ཟས་སོགས་མཆོད་པའི་བྱེ་བྲག་རེ་རེ་ནས་བརྒྱ་ཕྲག་ལྷག་པའི་མཆོད་འབུལ་དང་འབྲེལ་བར་དགེ་འདུན་བཅོ་ལྔའམ་ཉི་ཤུའི་སྐོར་བསྙེན་བཀུར་གྱ་ནོམ་པས་མཉེས་པར་མཛད་དེ་བླ་མ་མཆོད་པ་དང༌། མཎྜལ་བཞི་ཆོག །གནས་བརྟན་ཆོ་ག་སོགས་བསྟར་ཆགས་སུ་བཙུགས་པ་དང༌། དེ་མཚུངས་གཙུག་ལག་ཁང་ཆེན་པོར་དགེ་འདུན་འདུས་པ་རྒྱ་མཚོར་ཉིན་རེ་བཞིན་དུས་ཇ་རེ་རེ་དང༌། སྐབས་འགར་གཉིས་རེ་བཅས་ལོ་ཁོར་ཡུག་ཏུ་ཕལ་ཆེར་གཏོང་དགོས་པའང་སྔར་རྒྱུན་ལས་ཟབ་ཅིང་རྒྱས་པར་མཛད་པ་དང༌། ཁྱད་པར་ས་ག་ཟླ་བའི་ཉི་ཤུ་གཉིས་ནས་བཟུང་གནམ་གང་བར་རྒྱལ་བ་རྡོ་རྗེ་འཆང་གི་དགོངས་རྫོགས་ངོར་ལུགས་དཀྱིལ་འཁོར་ལྔའི་སྒྲུབ་མཆོད་འཛུགས་པ་སོགས་དུས་མཆོད་ཀྱི་རིམ་པ་མང་དུ་ཡོད་པའི་གཏོང་སྒོ་རྣམས་ཀྱང་ཉམས་ཆག་ཕྲན་བུའང་མེད་པར་སྔར་ལས་ཀྱང་ཟབ་ཅིང་རྒྱས་པས་ཀུན་གྱིས་བསྔགས་པའི་གནས་སུ་གྱུར་པ་འབའ་ཞིག་མཛད་པ་ཡིན་ནོ། །དེ་ལྟར་རྒྱལ་བ་རྡོ་རྗེ་འཆང་གིས་སེང་གེའི་ཁྲི་ལ་ཞབས་ཟུང་གསེར་གྱི་འཁོར་ལོ་བཀོད་ནས་བགྲང་བྱ་བརྒྱད་ཀྱི་བར་དུ་དཀོན་མཆོག་ལ་མཆོད་པ། དགེ་འདུན་ལ་བསྙེན་བཀུར། བཀའ་ཆོས་འཆད་སྤེལ། བསྟན་པའི་འཛིན་སྐྱོང༌།