R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༠༨
[A:༦༠༨]ལེགས། གཡུ་རིལ་བཞི་དང༌། སྤོས་ཤེས་གཅིག །གསེར་སྤུག་ཤེལ་གཉིས། གསེར་གྱི་བཅུ་ཤད་བཅས་བསྡམས་པའི་རིན་དངུལ་སྲང་ལྔ་བཅུ་རི་བ། རྒྱ་དངུལ་སྲང་ཉེར་གཅིག་ལས་གྲུབ་པའི་དངུལ་ཏིང་འགག་གཟུགས་མ། རྒྱ་རོལ་ཤིན་ཏུ་སྤུས་ལེགས་སྲང་ཉེར་ལྔ་རི་བ། ལམ་འབྲས་ལྷ་ཁང་དུ་ངོར་ཆེན་རྡོ་རྗེ་འཆང་གི་འདྲ་སྐུ་རིན་པོ་ཆེར་བཟང་གོས་ལས་གྲུབ་པའི་དབུ་གདུགས། སངས་རྒྱས་ཕུན་ཚོགས་ཀྱི་འདྲ་སྐུ་ལ་སྣམ་སྦྱར། རྒྱ་མཐོང་གི་དབུས་སུ་རྒྱལ་མཚན། གཡས་གཡོན་དུ་ཕྱེ་ཕུར་ཆ་རྣམས་བཟང་གོས་ཤ་སྟག་ལས་གྲུབ་པ། ཏིང་ཕོར་ཉིས་བརྒྱ། མཆོད་མེ་བརྒྱ། དེ་བཤམ་སའི་མཆོད་ཁྲི་སྤུས་ལེགས། སྤུ་ཧྲུག་གི་ཚོགས་འབོལ་ལེགས་པ་བཅས་གསར་སྦྱོར་དང་འབྲེལ་བར་སྤྱི་དང་བྱེ་བྲག་གི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པའི་ཐུགས་བསྐྱེད་ཟབ་མོས་ཁྱབ་པར་མཛད་དོ། །ལུག་ལོའི་མཇུག་དེར་ཐར་རྩེར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྐུ་མཚམས་ཟླ་གཅིག་ལྷག་ཙམ་བཞུགས་པ་དང༌། དེ་མཚམས་ཆབ་མདོ་ནས་རྒྱ་ར་སྤྲུལ་སྐུ་རིན་པོ་ཆེ་ཆེད་དུ་ཕེབ་ནས་གསོལ་བ་བཏབ་པའི་ངོར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་སྨིན་གྲོལ་ཡོངས་སུ་རྫོགས་པ་ཟབ་རྒྱས་སུ་སྩལ་བར་མཛད། དགུང་གྲངས་སོ་གཉིས་པ་ལྕགས་ཕོ་སྤྲེལ་ལོའི་དཔྱིད་ཀར་རྒྱ་ར་སྤྲུལ་སྐུ་དང༌། འདར་མཁན་ཆེན་སོགས་དོན་གཉེར་རྣམས་ལ་གསུང་ངག་རིན་པོ་ཆེ་གསང་ཆེན་སློབ་བཤད་ཟབ་མོའི་སྨིན་གྲོལ་ཡོངས་རྫོགས་དང༌། སྤྱན་རས་གཟིགས་སེམས་ཉིད་ངལ་བསོའི་ཁྲིད་སོགས་ཟབ་ཆོས་མང་དུ་སྩལ། རྒྱ་ར་སྤྲུལ་སྐུ་རིན་པོ་ཆེའི་དྲུང་ནས་མི་ཏྲ་ཁྲིད་དྲུག་དང༌། འདར་མཁན་ཆེན་མདུན་ནས་གུར་ཞལ་སྐོར་སོགས་ཚུར་ཡང་བཀའ་ཆོས་འགའ་ཞིག་གསན་པར་མཛད། དེ་རྗེས་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱལ་མཚན། ཁང་