R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༠༩
[A:༦༠༩]སར་ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་སྙིང་པོ། ཀླུ་སྡིངས་ཞབས་དྲུང་བྱམས་པ་ཚུལ་ཁྲིམས་ཕུན་ཚོགས་སོགས་ལ་སྣར་ཐང་བརྒྱ་རྩ་སོགས་བཀའ་ཆོས་འགའ་ཞིག་སྩལ། དེའི་དབྱར་ལོར་སོག་པོ་བླ་མ་མང་ཐོས་འཇམ་དབྱངས་ཕྲིན་ལས་ལ་ས་སྐྱའི་བཀའ་འབུམ་གྱི་ལུང་སོགས་གནང་ཞིང༌། ལོ་དེའི་སྟོན་ཀར་བོད་ཀྱི་རྒྱལ་པོ་རྭ་སྒྲེངས་ཁྲི་ཆེན་རིན་པོ་ཆེ་བཀྲ་ཤིས་ལྷུན་པོ་རུ་པཎ་ཆེན་ཐམས་ཅད་མཁྱེན་པ་རིན་པོ་ཆེར་དགེ་ཚུལ་གྱི་སྡོམ་པ་གནང་བ་ལ་ཕེབ་པའི་ཕེབ་བསུར་པད་ནམས་བར་བྱོན། དེ་སྐབས་བཀྲ་ཤིས་ལྷུན་པོར་དགེ་འདུན་འདུས་པ་རྒྱ་མཚོར་ནང་ཇ་གཉིས། དེའི་ནང་གསེས་ཁྲོན་སྦུགས་མི་ཚན་ལ་མང་ཇ་གཉིས་ཕྱག་འགྱེད་བཅས་གཟབ་པར་མཛད། གཞིས་རྩེ་མདའ་དཔོན་རང་བྱོན་པ་དང༌། རིན་སྤུངས་སོགས་ལ་རྣམ་སྨེའི་སྒོ་ནས་བྱབ་ཁྲུས་དང༌། སྒྲོལ་དཀར་དབྱངས་ཅན་སོགས་ཀྱི་རྗེས་གནང༌། ཚེ་དབང་སོགས་མང་དུ་སྩལ་ཏེ་སླར་ངོར་དུ་ཕེབ། དེའི་དགུན་ཆབ་མདོ་དཀོན་རྡོར་སྤྲུལ་སྐུས་གསོལ་བ་བཏབ་སྟེ་གསེར་ཆོས་བཅུ་གསུམ་སོགས་ཟབ་ཆོས་མང་དུ་སྩལ། དགུང་གྲངས་སོ་གསུམ་པ་ལྕགས་བྱ་ལོར་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་དང་རྗེ་ཉིད་ལྷན་རྒྱས་སྐུའི་འཕྲོད་གཞེས་ལ་རྟ་ནག་འབུ་རུ་ཆུ་ཚན་དུ་ཕེབ། དེ་སྐབས་ཐུབ་བསྟན་རྣམ་རྒྱལ་དུ་ཞག་གསུམ་ཙམ་བཞུགས། ལུང་རིག་སྨྲ་བའི་ཁྱུ་མཆོག་མཁན་ཆེན་སེང་གེ་རབ་རྒྱས་པ་དང་ཆོས་ཀྱི་འབེལ་གཏམ་ཁོ་ནས་དུས་འདའ་བར་མཛད་དེ་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར། ཐུབ་བསྟན་རྣམ་རྒྱལ་དང་འགོས་ཁུག་པ་ལྷས་བཙས་ཀྱི་སྒྲུབ་གནས་ཞལ་གཟིགས་སུ་གྲགས་པ་སོགས་དགོན་སྡེ་སོ་སོར་མཆོད་འབུལ་དང༌། མང་ཇ་གྲྭལ་འགྱེད་རྒྱས་པར་མཛད། ལོ་དེའི་ཧོར་ཟླ་དགུ་པའི་མཇུག་ཏུ་འཛམ་གླིང་གི་ཡུལ་མཐའ་འགའ་