[A:༦༠༧]ཡོད་པ་རྗེ་འདིས་ཞབས་དྲུང་རིན་པོ་ཆེར་སྤྱན་ཅེར་གཟིགས་ཤིང་ཞལ་འཛུམ་པ་དང་བཅས་ཁང་སར་སྤྲུལ་སྐུ་རིན་པོ་ཆེ་ད་ལོ་ཁམས་ནས་ཕེབ་པའི་སྐད་ཆ་འདྲ་གསན་ནམ་གསུངས་པར། ཞབས་དྲུང་རིན་པོ་ཆེ་ནས་དེ་སྔར་ཅིའང་མ་ཐོས་མོད་རང་གཞན་ཚང་མས་འདི་ལོ་ཕེབ་རྩིས་བྱེད་ཀྱིན་ཡོད་ལགས་ཞུས་པས། རྗེ་འདིས་བདག་གི་རྨི་ལམ་འདི་ལ་བལྟས་ན་ད་ལོའི་མཁན་པོ་དེ་ཁྱེད་རང་མ་གཏོགས་གཞན་ལ་འགྲོ་ས་མི་འདུག་གོ་གསུངས་པ་དང༌། ཞབས་དྲུང་རིན་པོ་ཆེ་ནས་བདག་སྤྱིར་ན་ཕྲ། ལྷག་པར་སློབ་གཉེར་མ་རྫོགས་པས་དེ་འདྲ་ག་ལ་འོང་ཞུས་པས། གང་ལྟར་ཡང་ལམ་འབྲས་སོགས་ཐུགས་འཛིན་མཛད་ན་ལེགས་སོ། །ཞེས་གསུངས་པ་ལྟར་རྗེས་སོར་དེ་ཁོ་ན་བཞིན་བྱུང་བ་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་གསུང་དུ་གཟོད་ཡིད་ཆེས་སོ་ཞེས་མཁན་ཆེན་རྡོ་རྗེ་འཆང་ངག་དབང་བསོད་ནམས་རྒྱལ་མཚན་ཉིད་ཀྱིས་བདག་ལ་བཀའ་སྩལ་ཏོ། །གང་ལྟར་ཡང་ཁམས་ནས་ཞབས་དྲུང་རིན་པོ་ཆེ་དེ་ཉིད་དེ་ལོ་ཆིབས་བསྐྱོད་གནང་མ་ཐུབ་སྟབས་རྗེ་འདི་ཉིད་དགུང་གྲངས་སོ་གཅིག་པ་ས་མོ་ལུག་གི་ལོའི་སྨལ་པོ་ཟླ་བའི་ཚེས་བཅུ་གཅིག་གཟའ་སྐར་ལེགས་འགྲིགས་ཕུན་སུམ་ཚོགས་པའི་ཉིན་བསྟན་པའི་གཙུག་རྒྱན་ངག་དབང་བསོད་ནམས་རྒྱལ་མཚན་པ་ཉིད་རྗེ་རྒྱལ་བ་གཉིས་པའི་ཆོས་ཀྱི་ཁྲི་ཆེན་པོ་ལ་མངའ་གསོལ་ཏེ་བཀྲ་ཤིས་ཀྱི་ཆར་དབབ་པར་མཛད་དོ། །དེ་ནས་རིམ་པ་བཞིན་བླ་བྲང་སྟེང་ཤོད་སྐོར་གྱི་རྩིས་སྤྲོད་རྣམས་ཀྱང་ལེགས་པར་གྲུབ་བསྟུན་གསར་དུ་སྦྱོར་འཇགས་སྩལ་བ་ལ། ལྷ་ཁང་ཁག་སོ་སོར་གོས་ཆེན་གྱི་ཕྱེ་ཕུར་ཤིན་ཏུ་ལེགས་པ་ཆ་རེ། གཙུག་ལག་ཁང་དུ་སྒྲུབ་མཆོད་ཆེན་མོའི་སྐབས་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་འབུལ་རྒྱུའི་གོས་ཆེན་ཁཱ་ཏའི་གསེར་མིག་གི་ཡོལ་བ། དབང་ཁང་དུ་བྱེ་རུའི་ཕྲེང་བ་ཤིན་ཏུ་སྤུས་