[A:༦༡༤]གསུམ་པའི་ནང་མཁན་ཆེན་རྡོ་རྗེ་འཆང་ཀུན་དགའི་མཚན་ཅན་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་ཀྱི་མཆོད་པ་ཆེན་པོའི་སྐབས། རྗེ་ཉིད་དབུར་བཞུགས་པའི་དགེ་འདུན་བཅུས་བཅོམ་ལྡན་འདས་དཔལ་ཀུན་ཏུ་རིག་པ་ཆེན་པོའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་དང་བཅས་པ་ཉིན་ལྔའི་བར་དུ་མཛད། དེ་རྗེས་ཧོར་ཟླ་ལྔ་པ་ནང་ནས་ཁངས་སར་མཁན་ངག་དབང་བསོད་ནམས་རྒྱལ་མཚན། དེ་སྐབས་ཀྱི་མཁན་རིན་པོ་ཆེ་ཁྲི་ཐོག་པ། བླ་མ་བསྟན་པ་སོགས་ལ་རྡོ་རྗེ་ཕྲེང་བའི་དབང༌། ཇོ་ནང་ཁྲིད་བརྒྱ། འཇིགས་བྱེད་རྭ་ལུགས་ལྷ་དགུའི་དབང་སྔོན་དུ་འགྲོ་བའི་སྐྱོ་ལུགས་རྭ་རྩེ་སེམས་འཛིན་གྱི་ཁྲིད། འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་སྔོན་འགྲོའི་རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་ཁྲིད། འཇིགས་བྱེད་དང་ལས་གཤིན་དམར་ནག་སྐོར་གྱི་རྗེས་གནང་སོགས་སྩལ། ཤིང་ཕོ་བྱི་བའི་ལོའི་དཔྱིད་ཀར་ཁང་སར་མཁན་དང༌། ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ཤེས་རབ་རྒྱ་མཚོ། ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་སྙིང་པོ། །བླ་མ་བསྟན་པ་སོགས་ལ་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་དང༌། ནཱ་རོ་མཁའ་སྤྱོད་ཀྱི་ཟབ་ཁྲིད། བདེ་མཆོག་དྲིལ་བུ་པའི་དབང་ཁྲིད། གཤེད་དམར་སྤྲོས་མེད་ཀྱི་ཁྲིད་སོགས་གནང༌། ལོ་དེའི་ས་ག་ཟླ་བའི་ཚེས་བཅུ་ཉིན་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་དང་གཉིས་སུ་མེད་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་དེ་ཉིད་དགོངས་པ་ཞི་བའི་དབྱིངས་སུ་གཟིགས་པའི་ཚུལ་བསྟན་པ་ནའང་ཐུགས་དམ་གྱི་གསོལ་འདེབས། སྐུ་གདུང་གི་ཞབས་ཞུས། དཔལ་ཀྱེ་རྡོ་རྗེའི་སྒྲུབ་མཆོད་འཛུགས་པ་སོགས་དགོངས་རྫོགས་མཐའ་དག་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ཉིད་དག་ཞིང་