R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༡༣
[A:༦༡༣]རྗེ་ལྟར་སྲ་བ་ལའང་མིག་ནས་མཆི་མ་རང་དབང་མེད་པར་འཁྲུགས་པ་བྱུང་ངོ༌། །འདི་སྐབས་མདོ་སྨད་ཀྱི་སའི་བྱེ་བྲག་ཉག་རོང་གི་ཡུལ་ནས་ལྕགས་མདུད་དཔོན་མགོན་པོ་རྣམ་རྒྱལ་ཞེས་བྱ་བ་སྔོན་གྱི་ཚེ་རབ་རྣམས་སུ་མི་དགེ་བ་བསགས་པའི་ལས་མཐུ་ལྡན་དུ་སྨིན་པས་རྒྱུད་བསྐུལ་ཏེ། མདོ་ཁམས་སྨད་ཕྱོགས་ཀྱི་ཡུལ་གྲུ་ཕལ་ཆེར་དྲག་པོ་དཔུང་གི་སྦྱོར་བས་རྨེག་མེད་དུ་བཅོམ་པར་མ་ཟད། བསྟན་པའི་སྦྱིན་བདག་ཆེན་པོ་སྡེ་དགེ་ཆོས་རྒྱལ་མཆོག་གི་ཆབ་སྲིད་ལའང་ཆེད་དུ་རྒོལ་བར་ཆས་པ་ན། མི་དབང་སའི་ཚངས་པ་ཆེན་པོ་དེ་ཉིད་ཀྱི་ཆབ་སྲིད་མི་ཉམས་པར་གོང་ནས་གོང་དུ་འཕེལ་བ་དང༌། ཁམས་ཕྱོགས་ཀྱི་བསྟན་འགྲོ་ཡོངས་ལ་འཕྲལ་ཡུན་དུ་ཉེར་འཚེ་དང་བྲལ་བའི་བདེ་ལེགས་ཀྱི་ངལ་འཚོ་ཐོབ་པ་དང༌། བསྒྲལ་བྱ་དེ་ཉིད་ཀྱང་ངན་འགྲོའི་ལམ་དུ་ཕྱོགས་པ་ལ་ཐུགས་རྗེ་ལྷག་པར་སྐྱེས་པས་རྡོ་རྗེའི་ཆོས་སྲུང་གི་ཚོགས་རྣམས་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་བསྐུལ་བའི་གཏོར་ཟློག་གི་ཆོ་ག་གཡུལ་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཆེན་པོ་རབ་ཏུ་བསྒྲེངས་པས། དེ་ནས་བརྩམས་ཏེ་གདུག་པ་ཅན་དེ་ཉིད་ཀྱི་མཐུ་སྟོབས་མ་ལུས་པ་རིམ་གྱིས་ཟད་ནས། མཐར། བླུན་པོའི་རིག་དང་འབྱོར་པ་སྟོབས། །ཕ་རོལ་ཉེ་བར་གདུང་བའི་སླད། །སྦྱོར་བ་རྣམས་ནི་འཕྲལ་ལ་ཉིད། །སྲོག་དང་ལྷན་ཅིག་ཉམས་པར་འགྱུར། །ཞེས་རྟོགས་བརྗོད་རིན་པོ་ཆེ་ལས་གསུངས་པ་དང་མཐུན་པར་མི་ནོར་ལོངས་སྤྱོད་གནས་ཁང་དང་བཅས་པ་མིང་ཙམ་མི་མངོན་པར་ཐལ་བར་གྱུར་ཏེ། རྣམ་པར་ཤེས་པ་མི་བསྐྱོད་པའི་ཞིང་དུ་ཡུད་ཀྱིས་སོང་བ་གྱུར་ཏོ། །དགུང་གྲངས་སོ་ལྔ་པ་ཆུ་ཕག་ལོའི་དཔྱིད་ཀར་བླ་མ་བསྟན་པ་དར་རྒྱས་ཀྱིས་ཞུས་ཏེ་ཀྱེ་རྡོར་བཀའ་བབས་བཞིའི་དབང་དང༌། སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་རྒྱ་གཞུང་གི་ལུང་བཅས་སྩལ། ལོ་དེའི་ཧོར་ཟླ་